གྲོས་ཚོགས་ནང་གི་ཁོར་ཡུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༧   ཕྱི་ལོ་ ༢༠༡༦/༦/༡
སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམས་ཕྱི་ཟླ་༥ ཚེས་༣༠ ཉིན་དམ་འབུལ་ཟིན་པ་དང། ཚོགས་གཙོ་ཚོགས་གཞོན་འདེམས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་ཚོགས་གཙོ་དེ་ཚོགས་གཞོན་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་དང། ཚོགས་གཙོ་ཟུར་པ་སྤྱི་འཐུས་པདྨ་འབྱུང་གནས་གཉིས་ལ་འོས་གྲངས་༢༡ རེ་དང། དབུས་གཙང་སྤྱི་འཐུས་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལ་འོས་གྲངས་༢ བཅས་རྒྱལ་ཁ་སུའང་ཐོབ་མེད་སྟབས། འོས་གྲངས་མཐོ་ཤོས་གཉིས་ལ་སླར་ཡང་འོས་བསྡུ་ཐེངས་གཉིས་བྱས་ཀྱང་འོས་གྲངས་༢༢ རེ་འགྱུར་བ་གཏན་ནས་མ་སོང་བར་བརྟེན། ལོ་གཉིས་དང་ཕྱེད་རེར་ཚོགས་གཙོའི་འགན་ཁུར་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང། སྔོན་མ་སྐབས་བཅུ་བཞི་པའི་དུས་སུ་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་དང། མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་གཉིས་སུ་ལན་གྲངས་ལྔ་འོས་བསྡུ་བྱས་ཀྱང། འོས་གྲངས་༢༢ རེར་འགྱུར་བ་གཏན་ནས་མ་སོང་བར་ལོ་གཉིས་དང་ཕྱེད་རེར་ཚོགས་གཙོ་བྱེད་དགོས་བྱུང་བ་བཞིན་ད་ལན་ཡང་དེ་ལྟར་བྱུང་ཡོད་པ་རེད།
དེ་ལྟར་ལོ་གཉིས་ལྷག་རེར་བྱེད་དགོས་བྱུང་ཡོད་པ་དང། དེ་ཁྲིམས་སྒྲིག་གི་དགོངས་དོན་ཞིག་མིན་ནའང། སྐབས་བཅུ་བཞི་པའི་སྐབས་སུ་དེ་ལྟར་བྱེད་དགོས་བྱུང་དོན་གཙོ་བོ་ཁྲིམས་སྒྲིག་གི་དགོངས་དོན་བཞིན་ཐག་གཅོད་གཏན་ནས་མ་ཐུབ་པར་མཐའ་མ་དེར། ལ་ཉག་མཛོ་གཟེངས་ཞེས་པ་ལྟར་འོས་བསྡུ་ལས་ཁང་གི་དགོངས་འཆར་ལ་མཐའ་མ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་ནས་དེ་ལྟར་བྱེད་དགོས་བྱུང་བ་ཞིག་ཡིན་པ་དང། དེའི་རྗེས་སུ་གནད་དོན་དེ་ལྟ་བུ་ཡོང་ན་ཐག་གཅོད་ཇི་ལྟར་བྱེད་སྟངས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཤིག་གྲོས་ཚོགས་ནང་ཁུར་ཡོད་ཀྱང། བསྐྱར་བཅོས་དེ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་རང་འཇགས་ལུས་ཡོད། ད་ལན་ཡང་གནས་ཚུལ་དེ་ལྟ་བུ་བྱུང་དུས་ཆུ་ངན་ལམ་ཤོར་ཟེར་དགོས་ནའང་འདྲ། རྒྱུན་སྲོལ་ཟེར་དགོས་ནའང་འདྲ་དེ་ལྟར་མི་བྱེད་ཀ་མེད་དུ་གྱུར་ཡོད་པ་རེད། མ་འོངས་པར་བྱ་ལམ་བྱེད་བདེ་ཞིག་ཡོང་ཆེད་ཁྲིམས་སྒྲིག་ཁག་ལ་བསྒྱུར་བཅོས་གཏོང་དགོས་ངེས་རེད་སྙམ།
གྲོས་ཚོགས་ཀྱི་འཐུས་མི་རྣམས་དེ་ལྟ་བུ་ཕྱོགས་གཉིས་ཆགས་དགོས་དོན་དང། དེ་ལྟར་མཁྲེགས་འཛིན་གྱིས་འགྱུར་བ་མི་གཏོང་བའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་དེ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་མིན་ཡང། དེ་སྔོན་སྤྱི་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱེད་སྟངས་མ་འགྲིག་པ་དང། ཚོགས་གཙོ་ཙམ་ཞིག་བསྐོ་མ་ཐུབ་པར་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་ཀྱང་ད་ལན་གྲོས་ཚོགས་སུ་སླེབས་ཡོད་པ་དང། གྲུབ་ཆའི་ཐོག་ནས་བཤད་ཀྱང་གྲོས་ཚོགས་ནང་སྤྱི་འཐུས་ངོ་ཡོད་༤༤ ཡོད་པའི་ནང་ནས་གསར་པ་གྲངས་༢༤ ཡོད་པ་དང། རྙིང་པ་གྲངས་༢༠ ལས་མེད། དེར་བརྟེན་གྲོས་ཚོགས་ནང་གི་ན་ཚ་རྙིང་པ་ཙམ་ཞིག་མ་ཡིན་པར་སྤྱི་ཚོགས་ཀྱི་ཟབ་སར་ཐིམ་པའི་ན་ཚ་རྙིང་པ་ཞིག་ཏུ་གྱུར་ཡོད་ངེས་རེད། ད་ལྟ་གསར་དུ་སླེབས་པའི་སྤྱི་འཐུས་མང་ཆེ་བ་ན་གཞོན་ཤེས་ཡོན་ཅན་འདབ་གཤོག་གཉིས་ལྡན་འབའ་ཞིག་ཡིན་པས་ལམ་སེང་རྙིང་པ་དག་གི་ཁ་རྒྱུག་ཙམ་བྱེད་ག་ལ་སྲིད་ཅིང། སྤྱི་ཚོགས་ནང་གི་ན་ཚ་རྙིང་པ་ཞིག་ཁུར་ནས་ཡོང་བ་ནི་དེ་བས་ཀྱང་ཡིན་སྲིད་དམ།
སྐབས་འདིར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཁམས་པ་འབའ་ཞིག་སླེབས་ཡོད་པ་དང། ཕྱི་རྒྱལ་ཁག་གི་སྤྱི་འཐུས་དབུས་པ་འབའ་ཞིག་སླེབས་ཡོད། རགས་བཤད་ཙམ་བྱས་ན་དུས་ཡུན་རིང་མོ་ཞིག་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དང་མདོ་སྟོད་ཀྱི་སྤྱི་འཐུས་ཕྱོགས་ཁག་གཅིག་རང་ཡིན་པ་དང། དབུས་གཙང་གི་སྤྱི་འཐུས་དང་མདོ་སྨད་ཀྱི་སྤྱི་འཐུས་ཕྱོགས་ཁག་གཅིག་ཡིན་པ་ཙམ་དུ་མ་ཟད། ཕྱི་རྒྱལ་ཁག་གི་སྤྱི་འཐུས་ཀྱང་དབུས་གཙང་དང་མདོ་སྨད་ཀྱི་སྤྱི་འཐུས་ཀྱི་ཕྱོགས་ཁག་ཏུ་འཛུལ་རྐྱང་བྱེད་པ་ལྟ་བུ་ཡོད་པ་སྤྱི་ཡོངས་ཀྱི་མཐོང་སྟངས་ཤིག་ཡིན་པ་དང། དོན་དངོས་ཀྱི་ཐོག་ནས་བཤད་ཀྱང་གནད་དོན་དེ་ལ་བདེན་ཁ་ཆེན་པོ་ཡོད་པ་ཞིག་ཡིན། འོན་ཀྱང་ཆོས་བརྒྱུད་སྤྱི་འཐུས་ནང་དབུས་གཙང་དང་མདོ་སྨད་པ་སླེབས་ཚེ་ཁོངས་སོ་སོའི་ཕྱོགས་སུ་ལངས་རྐྱང་བྱེད་མཁན་ཡང་མང་པོ་བྱུང་ཡོད། གནད་དོན་འདི་དག་གི་ཐོག་ནས་བལྟས་ནས་གྲོས་ཚོགས་ནང་སླེབས་པ་ཙམ་གྱིས་མི་སོ་སོའི་བསམ་བློ་གང་ཡོད་པ་དེ་བེད་སྤྱོད་བྱེད་ཡུལ་མེད་པར་ཁ་ཕྱོགས་རང་བཞིན་གྱིས་བསྒྱུར་འགྲོ་བ་ཞིག་ཡིན་ནམ།
མདོར་ན་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཧྲིལ་པོའི་ནང་ཁྱབ་ཟིན་པའི་ཆོལ་ཁའི་ཕྱོགས་ཞེན་ནམ། ཡང་ན་དཔུང་སྒྲིག་ཕྱོགས་འཐེན་གྱི་ན་ཚ་ཞིག་ཡིན་ནམ་ཞེ་ན། ཆེ་བ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ལ་བཞུགས་མཁན་དང་ལམ་སྟོན་བྱེད་མཁན་ནས། བཀའ་བློན་དང་སྤྱི་འཐུས། དྲུང་ཆེ་ཆུང་ནས་སྲི་ཞུའི་ལས་བྱེད་པ་དང། དགེ་རྒན་དང་ཚོགས་པ་ཁག་གི་ལས་བྱེད་པའི་ནང་དུ་ན་ཚ་འདི་དག་ཁྱབ་ཡོད་ཀྱང་། ལག་ཐལ་མོ་དང་ཁ་ལགས་སོ་ཟེར་མཁན་གྱི་མི་སེར་དཀྱུས་མའི་ནང་ན་ཚ་འདིས་ཡོངས་སུ་ཟིན་མེད་པ་དེ་ཕྱོགས་ཡོངས་ནས་གསལ་པོ་ཤེས་ཐུབ་པ་ཞིག་རེད། དེ་མ་ཡིན་པར་ཆོལ་ཁའི་ཕྱོགས་འཐེན་བྱས་ན་མི་འགྲིག་པར་རྡོག་རྩ་གཅིག་སྒྲིལ་དགོས་པའི་ལམ་སྟོན་བཀའ་སློབ་གནང་མཁན་ཚང་མ་ལ་ན་ཚ་འདི་ཡོངས་སུ་འགོས་ཡོད་པས། གྲོས་ཚོགས་ར་བའི་ནང་དུ་མི་གསར་རྙིང་དང་ལོ་ཆེ་ཆུང་གི་སྐད་ཆ་མེད་པར་ན་ཚ་འདི་འགོས་ཟིན་པ་འབའ་ཞིག་ཏུ་གྱུར་ཟིན་པའམ། དོན་གྱིས་ན་ཚ་འདི་འགོས་མེད་ཀྱང་འགོས་ཡོད་ཚུལ་མ་བསྟན་ན་མི་གྲལ་ནས་བུད་འགྲོ་བ་ཞིག་ཀྱང་ཡིན་སྲིད།།

Share this:
༤༦ ཀློག་གྲངས།