༧གོང་ས་མཆོག་གི་གསུང་ལས་མཇལ་ཁ་གལ་ཆེན་བརྩི་མཁན་རྨོངས་དད་བོད་མི་ཚོ།

སྐལ་བཟང་དོན་གྲུབ།
༧གོང་ས་མཆོག་ནས་ཐེངས་མང་པོར་གསུང་ཆོས་བརྩལ་སྐབས། བོད་མི་ཚོ་ལ་དབང་རྟུལ་དད་པའི་རྗེས་འབྲངས་མིན་པར། དབང་རྣོན་ཆོས་ཀྱི་རྗེས་འབྲངས་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད་དེ། ཕྲན་གྱི་མཐོང་སྣང་ལ་བཙན་བྱོལ་གྱི་བོད་མི་ཚོ་ནི་ཚོར་མེད་རྡོ་རྗེ་བྲག་ནང་བཞིན། རྨོངས་དད་ཀྱི་གོམས་སྲོལ་རྙིང་པ་ལ་མུ་མཐུད་ནས་ཨུ་ཚུགས་སམ་ཡང་ན་བསམ་མེད་ངང་སྐྱོད་བཞིན་འདུག དེ་ཡང་བོད་མི་རྒན་རྒོན་ཙམ་མིན་པར། དེང་དུས་ཀྱི་ཤེས་ཡོན་སྦྱོང་བའི་གོ་སྐབས་ཐོབ་མྱོང་མཁན་གྱི་གཞོན་སྐྱེས་ཚོ་ཡང། ལུག་གུ་ལུག་རྫིའི་དེད་པ་བཞིན་འགྲོ་བཞིན་འདུག

༧གོང་ས་མཆོག་གིས་གསུང་ཆོས་མང་པོ་ཞིག་ལ། བོད་མི་ཚོས་གསུང་ཆོས་ལས་དབང་ལ་དགའ་བ་བྱེད་ཀྱི་ཡོད་སྐོར་གསུངས་མྱོང་བ་དང། དུས་འཁོར་དབང་ཆེན་སྐབས་ལ་ཡང། དབང་གི་སྔོན་དུ་དཔེ་ཆ་གསུང་ཁྲིད་གནང་གི་ཡོད་པ་རེད། དེ་ཡང་དུས་ཚོད་དེ་འདྲའི་སྐབས། བོད་མི་དང་དད་ལྡན་པ་མང་པོ་འཛོམས་ཀྱི་ཡོད་པས། གསུང་ཆོས་གནང་ན་མི་མང་པོ་འཛོམས་ཡོད་པའི་གོ་སྐབས་དམ་འཛིན་གནང་གི་ཡོད་པས། དེ་ནས་བོད་མི་ཚོས་༧གོང་ས་མཆོག་གི་གསུང་ལ་དོ་སྣང་མེད་པ་མངོན་ཐུབ་བ་དང། དེ་བཞིན་༧གོང་ས་མཆོག་གི་གསུང་ཆོས་སྐབས། ཐོག་མར་མཇལ་ཁའི་ཆེད་ཚང་ཁ་ཤིག་ཤིག་ངང་མདུན་ལ་ཡོད་མཁན་ཚོས་ཡར་ལངས་པ་དང། རྒྱབ་ལ་ཡོད་མཁན་ཚོས་མདུན་ལ་ཡོད་མཁན་ཚོ་མར་སྡོད་ཅེས་ཞེ་དྲག་འདྲེས་མའི་ཐོག སྡུག་སྐད་རྒྱག་གི་ཡོད་པའི་རྣམ་པ་ནི་རྒྱུན་ལྡན་གྱི་ལྟད་མོ་ཞིག་རེད། འོན་ཀྱང་གསུང་ཆོས་དངོས་སུ་འགོ་འཛུགས་བྱས་ཚར་རྗེས། བོད་མི་ཕལ་མོ་ཆེས་ཇ་འཐུང་བ་དང། ཕན་ཚུན་སྐད་ཆ་ཤོད་ནས་སྡོད་པ་ལས། ཁོང་གི་གསུང་ལ་ཉན་མཁན་ཤིན་ཏུ་ཉུང་ཉུང་རེད་འདུག

ཕྲན་ཐེངས་ཁ་ཤས་༧གོང་ས་མཆོག་གི་གསུང་ཆོས་ལ་འགྲོ་རྒྱུ་བྱུང་བས། དུས་དེ་དག་གི་རིང་བོད་མི་ཚོ་ནི་རྣམ་གཡེང་དང། ཕྱི་ལོགས་ནས་ཡོང་བའི་རྒྱ་གར་སྤྲོ་འཆམ་པ་རྣམས་ཀྱི། ཧང་སང་བའི་རྣམ་འགྱུར་དང་ཁོ་ཚོའི་འགྲོ་སྟངས་བྱེད་སྟངས་ལ་བལྟས་ནས་སྡོད་མཁན་མང་པོ་འདུག ཡིན་ཡང་ཕྱི་རྒྱལ་བ་མང་པོ་ཞིག་ནི་རླུང་འཕྲིན་བརྒྱུད། ༧གོང་ས་མཆོག་གི་གསུང་བསྒྱུར་ལ་བློ་རྩེ་གཅིག་སྒྲིམ་ཐོག་ཉན་མཁན་མང་པོ་འདུག བསམ་བློ་གཅིག་བཏང་ན། ཕྱི་རྒྱལ་བ་ཚོས་རང་ཉིད་ཀྱི་ས་གནས་ཁག་ལ་༧གོང་ས་མཆོག་གི་གསུང་ལ་དོ་སྣང་དང་རིན་ཐང་ཆེན་པོ་སྤྲོད་ཀྱི་ཡོད་པ་ཤེས་ཀྱི་ཡོད་པས་ཡིན་སྲིད་པ་དང། བོད་མི་ཚོ་ནི་རྨོངས་དད་ཀྱི་བཏུམས་བཞིན། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཚེ་སྡིག་པ་དག་པའམ་ཚོགས་ཆེན་བསགས་ཀྱི་ཡོད་པ་ངོས་འཛིན་ཐོག གཙོ་བོ་གསུང་ལ་དོ་སྣང་བྱེད་ཀྱི་མེད་པ་ཡིན་སྲིད། གང་ལྟར་དེང་གི་ངོམ་སུ་ཆོག་པའི་བོད་ཀྱི་ནང་ཆོས་དེ་ནི། བཅོམ་ལྡན་འདས་དང་མཇལ་ཁ་ཞུས་ནས་ཡོང་བ་ཞིག་མིན་པར། ཁོང་གི་གསུང་ལ་དོ་སྣང་དང་རིན་ཐང་སྤྲད་ནས་ཡོང་བ་ཞིག་ཡིན་པ་རེད། ངས་༧གོང་ས་མཆོག་གི་མཇལ་ཁ་གལ་ཆེན་མ་རེད་ཞུ་ཡི་མེད་དེ། དེ་ལས་གལ་ཆེ་བ་༧མགོན་པོ་གང་ཉིད་ཀྱི་གསུང་ལ་དོ་སྣང་སྤྲོད་རྒྱུ་དེ་རེད་ཟེར་གྱི་ཡོད།

དེ་བཞིན་རྨོངས་དད་ཀྱི་བཟི་བའི་བོད་མི་ཚོས། བོད་སྤྱི་པའི་དོན་ལ་སེམས་ཁུར་བྱེད་རྒྱུ་ཕར་ཞོག རང་ཉིད་ཀྱི་མི་ཚེ་དེ་ཡང་དོན་དང་ལྡན་པའི་ངང་སྐྱེལ་ཐུབ་ཀྱི་མེད་པ་དེ་ནི་མངོན་གསལ་རེད།།

Share this:
༢༡༠ ཀློག་གྲངས།