ཆོས་བརྡ་གསལ་བསྒྲགས།

ལ་དྭགས་དབྱར་ཆོས་ཆེན་མོ་འདི་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༼ཤེས་ཡོན་ཟེར་བ་དེ་མི་ལ་རང་ཆས་སུ་ཡོད་པ་མིན་ཞེས་༽ཤེས་ཡོན་གྱི་བཀའ་སློབ་དགོངས་དོན་བཞིན་ནང་བསྟན་ལ་བསྲེག་བཅད་བརྡར་གསུམ་གྱི་སྒོ་ནས་ཤེས་ནས་དད་པ་ཐོབ་པ་བྱེད་དགོས་པས་ལ་དྭགས་དབྱར་ཆོས་ཆེན་མོའི་ཆོས་ཐོག་འདི་ཤེས་ཡོན་གོང་འཕེལ་ཆེད་ཆོས་ཐོག་རྩ་ཆེན་ཞིག་ཆགས་ཡོད་པས་ད་ལན་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་འདི་ད་ལན་ལ་དྭགས་ཁྲིག་སེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་ཚོགས་གཏན་འཁེལ་བ་བཞིན་གོ་སྒྲིག་ཞུ་བཞིན་ཡོད། སྤྱི་ལ་དྭགས་དབྱར་ཆོས་ཆེན་མོ་འདི་ཉིད་ཐོག་མར་ཕྱི་ལོ་༢༠༡༢ ལོར་༧གོང་ས་སྐྱབས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་བཞིན་བཀའ་སློབ་སྙིང་ལ་བཅངས་ཏེ་ཕྱི་ལོ་༢༠༡༣ ལོར་དབུ་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་གིས་གོ་སྒྲིག་འོག་ལ་དྭགས་དབྱར་ཆོས་ཆེན་མོ་ཚོགས་ཐེངས་པོ་དབུ་འཛུགས་ཞུས་ནས་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད། དེ་ལས་ལ་དྭགས་དབྱར་ཆོས་ཆེན་མོ་ཚོགས་ཐེངས་གཉིས་པ་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཚོགས་ཡོད་པ་ཡིན། དེའི་རྗེས་ལ་ཕྱི་ལོ་༢༠༡༥ ལོར་ལ་དྭགས་དཔེ་དགོན་དགའ་ལྡན་དར་རྒྱས་གླིང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་དབྱར་ཆོས་ཆེན་མོ་ཚོགས་ཐེངས་གསུམ་པ་ཚོགས་ཡོད་པ་ཡིན། ཕྱི་ལོ་༢༠༡༦ ལོའི་ལ་དྭགས་དབྱར་ཆོས་ཆེན་མོ་འདི་ཉིད་ཕྱི་ཟླ་༨ ཚེས་༡༡ ༧གོང་ས་མཆོག་དབུ་བཞུགས་ཐོག་ལ་དྭགས་དབྱར་ཆོས་ཆེན་མོ་དབུ་འཛུགས་ཞུ་རྒྱུ་དང་དེའི་སྐབས་༧གོང་ས་མཆོག་ལ་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཞིན་ཕྱི་ཚེས་༡༢ ཉིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་གསུང་ཆོས་གནང་རྒྱུ་དང་ཕྱི་ཚེས་༡༣ ལ་ཚེ་དབང་དང་བརྟན་བཞུགས་འབུལ་རྒྱུ་ཐུགས་བརྟན་འཁེལ་བ་ལགས་ན་དད་ལྡན་ཆོས་ཞུ་བ་རྣམས་ཕྱི་ཚེས་༡༡ མ་འགྱངས་པར་དུས་ཐོག་ལ་ངེས་ཕེབས་ཡོང་བ་མཁྱེན་མཁྱེན་ཞེས་ཁྲིག་དགོན་ཚུལ་ཁྲིམས་རྣམ་དག་གླིང་གི་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་ནས་ཟླ་ཚེས་བཟང་པོར་ཕུལ།།

Share this:
༤༢ ཀློག་གྲངས།