དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དགེ་རྒན་ས་མིག་གསལ་བསྒྲགས།

༄༅། ། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་དབུས་གཞུང་བཀའ་ཤག་ནས་ལྡི་ལི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ ཁོངས་གཏན་ཉིན་སློབ་གྲྭ་ཁག་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་ རྒྱུ་ཐག་གཅོད་གནང་ཡོད་པ་ལྟར། ཉེ་ཆར་རྒྱ་གར་དབུས་ཤེས་རིག་ལས་ཁུངས་དང་དབུས་བོད་སློབ་འཛིན་ཚོགས་གཉིས་ནས་ གཞི་རིམ་འོག་མའི་སློབ་གྲྭ་གྲངས་ ༥ དང་གཞི་རིམ་བར་མའི་སློབ་གྲྭ་གྲངས་ ༥ བཅས་སློབ་ཁག་གྲངས་ ༡༠ ཐམ་པ་འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ཙམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་གཏན་འཁེལ་སོང་ན། རིང་མིན་སློབ་ཁག་དེ་ཚོའི་ནང་དགེ་ཆེ་(HM) གྲངས་ ༥ དང་། འབྲིང་རིམ་དགེ་རྒན་ (TGT) གྲངས་ ༡༤  གཞི་རིམ་འོག་མའི་དགེ་རྒན་ (PRT) གྲངས་ ༡༥ ལུས་རྩལ་དགེ་རྒན་ (PET) གྲངས་ ༤ གློག་ཀླད་དགེ་རྒན་ (Computer Instructor) གྲངས་ ༤ བཅས་ཛ་དྲག་གིས་དགོས་མཁོ་མཆིས་ན། རང་རེའི་སྤྱི་ཚོགས་ནང་གཤམ་གསལ་ཆ་རྐྱེན་ཚང་ཞིང་གོང་གསལ་ས་མིག་ཐོག་ཞབས་ཞུ་ གནང་འདོད་ཡོད་རིགས་ནས་དོ་བདག་གི་ཞུ་སྙན་དང་དགོས་མཁོའི་ལག་འཁྱེར་ཡིག་ཆའི་ངོ་ བཤུས་བཅས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༥ ནང་ཚུད་ཤེས་རིག་ལས་ཁུངས་སུ་ཕུལ་འབྱོར་ཟིན་པ་དགོས། འཚང་སྙན་འགེངས་ཤོག་ཤེས་རིག་དྲ་རྒྱ་ (www.sherig.org/en) ནས་ཕབ་ལེན་གྱིས་འཐུས་གཙང་འགེངས་འབུལ་ཞུ་དགོས། འཚང་སྙན་འབུལ་མཁན་ཁྲོད་ཆ་རྐྱེན་ཚང་བ་རྣམས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༢༢ ཉིན་དྷ་སར་བསྐོངས་ནས་ངག་རྒྱུགས་ལམ་ནས་འདེམས་སྒྲུག་བྱས་ཏེ་གོང་གསལ་སློབ་ཁག་ བཅུའི་ནང་བསྐོ་གཞག་གནང་རྒྱུ་ཡིན།

4

 

 

 

 

Share this:
༡༢༠ ཀློག་གྲངས།