བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

ཟླ་འདིའི་ཚེས་༢༢ ཉིན་བོད་ཀྱི་འགྲོ་བའི་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གིས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། ༢༠༠༩ ལོའི་བོད་ནང་གི་འགྲོ་བ་མའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འགྲེམས་སྤེལ་བྱས་ཡོད་པ་རེད། ལོ་འཁོར་སྙན་ཐོ་དེ་དབྱིན་ཡིག་དང་བོད་ཡིག་གཉིས་ཀྱི་ཐོག་ནས་དེབ་གཉིས་ཡོད་པའི་ནང་༢༠༠༩ ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང། ཆོས་ལུགས་དད་པ་རང་མོས་ཡོད་མེད་སྐོར། རྒྱ་ནག་གཞུང་གིས་བོད་མི་དམར་གསོད་བཏང་བ་དང། ཚེ་བཙོན་བྱས་པ། བཙོན་འཇུག་བཀག་སྐྱུལ་བྱས་པ་སོགས་ཀྱི་གནས་འཁོད་ཡོད་པ་རེད། སྐབས་དེར་གནས་ཚུལ་མདོར་བསྡུས་བྱས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ལོ་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་ལོ་གཅིག་སོང་ཡང་དྲག་རྡུང་གི་ཐབས་ལམ་ངན་པ་མཚམས་འཇོག་མེད་པར་མུ་མཐུད་དེ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་ལོ་ཞིག་ཡིན། ལོ་འདིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་སྟོན་དང༌། annual report 2009 2པེ་ཅིང་གནམ་བདེ་སྒོ་མོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྤེལ་ཏེ་ལོ་ ༢༠ སོང་བ། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཆབ་སྲིད་ཐོབ་ཐང་གི་དམ་ཡིག་ལ་མིང་རྟགས་བཀོད་དེ་ལོ་ ༡༠ འཁོར་བ་དང༌། རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དབང་བསྒྱུར་བྱས་ཏེ་ལོ་ ༥༠ འཁོར་ཡོད། དེ་བཞིན་ལོ་འདིར་རྒྱ་ནག་གཞུང་གིས་རྒྱལ་ཚོགས་སུ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་ཞེས་པ་ཞིག་ཕུལ་ཡོད་ཀྱང་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཅན་དེར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་དེ་ལས་ལྡོག་སྟེ་ཇེ་སྡུག་ཏུ་ཕྱིན་ཡོད།
ལོ་འདིར་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དེ་བོད་མིའི་ཞི་རྒོལ་ཁག་ལ་དྲག་གནོན་དང༌། འཇུ་བཟུང་བྱས་པའི་བོད་མིར་དྲང་བདེན་ཁྲིམས་བཤེར་གྱི་གོ་རིམ་གང་ཡང་མེད་པར་ཁ་བྲལ་རིང་ལུགས་པར་རྡུང་རྡེག་ཚ་ནན་གཏོང་བའི་ཆབ་སྲིད་དགོངས་དོན་འོག་ཉེས་མིང་འདྲ་མིན་གཡོགས་ཏེ་ཁྲིམས་ཆད་ལྗིད་པོ་གཅོད་བཞིན་ཡོད་པ་དང༌། ལྷག་པར་དུ་བོད་མི་ལྔ་ལ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང༌། བོད་མི་བློ་བཟང་རྒྱལ་མཚན་དང༌། ལོ་ཡག་གཉིས་དངོས་སུ་ལྷ་སར་སྲོག་ཐོག་ཁྲིམས་ཆད་ལག་བསྟར་བྱས་ཡོད་ལ། ཤེས་རྟོགས་བྱུང་བར་བོད་མི་གྲངས་ ༡༥༨༥ ཙམ་བཀག་སྐྱིལ་བྱེད་བཞིན་པའི་ཁྲོད་ནས་ཤེས་རྟོགས་བྱུང་བར་མི་གྲངས་ ༣༣༤ ཙམ་ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཆད་བཏང་ཡོད། བོད་ནང་གང་བྱུང་འཇུ་བཟུང་གི་གནས་ཚུལ་ཚབས་ཆེན་ཐོན་བཞིན་ཡོད་པ་དང༌། ༢༠༠༩ ལོ་འདི་ཁོ་ནར་ཤེས་རྟོགས་བྱུང་བར་ཉུང་མཐར་བོད་མི་གྲངས་ ༣༠༠ ཙམ་གང་བྱུང་འཇུ་བཟུང་གིས་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་ཅིང༌། ད་དུང་བོད་མི་མང་དག་ཞིག་དུས་ཐུང་བཀག་ཉར་བྱས་ཡོད་པ་མ་ཟད། བོད་མི་འཇུ་བཟུང་བྱས་རྗེས་འཆི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད།
དེ་བཞིན་བཙོན་ཁང་ཁག་དང༌། ལྟ་སྲུང་ཁང༌། ངལ་བཅུན་ཁང་སོགས་སུ་མནར་གཅོད་ཀྱི་ཐབས་ལམ་ངན་པ་མུ་མཐུད་བེད་སྤྱོད་བྱེད་བཞིན་ཡོད་པ་དང༌། ཉེས་རྡུང་མནར་གཅོད་དབང་གིས་རྐྱེན་འདས་སུ་གྱུར་བ་དང༌། དབང་པོ་སྐྱོན་ཅན་ཆགས་པ། སེམས་ཁམས་མི་བདེ་བ་སོགས་ཀྱི་གནས་སྟངས་ཐབས་སྐྱོ་པོར་གནས་ཡོད་ཅིང༌། ༢༠༠༨ ལོའི་ཟླ་ ༣ ནང་ལྷ་སར་ཞི་རྒོལ་ནང་འཛུལ་ཞུགས་གནང་མཁན་གྱི་འབྲས་གྲྭ་སྐལ་ལྡན་བཙོན་ཁང་ནང་མནར་གཅོད་དབང་གིས་རྐྱེན་འདས་སུ་གྱུར་ཡོད་པ་དང༌། དཀར་མཛེས་ལམ་གྲགས་བཙུན་དགོན་གྱི་བཙུན་མ་དབྱངས་སྐྱིད་སྒྲོལ་མ་བཙོན་ཁང་ནང་མནར་གཅོད་དབང་གིས་ ༢༠༠༩ ལོའི་ཟླ་ ༡༢ ཚེས་ ༥ ཉིན་ཁྲེན་ཏུ་གྲོང་ཁྱེར་དུ་ཡོད་པའི་སྨན་ཁང་ཞིག་ཏུ་རྐྱེན་འདས་སུ་འགྱུར་ཡོད། རྔ་བ་དགོན་གྱི་གྲྭ་བཀྲ་སྤེ་ལགས་ཀྱིས་རང་ལུས་མེར་བསྲེགས་པ་དང༌། རྭ་རྒྱ་དགོན་པའི་གྲྭ་བཀྲིས་བཟང་པོ་རྨ་ཆུར་མཆོངས་སྟེ་རང་སྲོག་དོར་བའི་གནས་ཚུལ་སོགས་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད།
ལོ་འདིའི་ནང་ཨ་མདོ་མང་རྭ་ཀླུ་ཚང་དགོན་གྱི་དགེ་འདུན་པས་ཞི་བའི་གོམ་འགྲོས་དང༌། དཀར་མཛེས་སོགས་སུ་ས་ཞིང་འདེབས་ལས་མི་བྱེད་པ། ལོ་གསར་མི་གཏོང་བ། གཞས་སྣ་འཁྲབ་སྟོན་གྱི་བྱེད་སྒོ་མཚམས་འཇོག་སོགས་ཞི་རྒོལ་རྒྱུན་མཐུད་དུ་སྤེལ་བར་དྲག་གནོན་དང༌། བོད་མི་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་ཡང་ཐོན་བཞིན་ཡོད་པ་དང༌། ལྷག་པར་དུ་འཇུ་བཟུང་བྱས་པའི་བོད་མི་མང་པོ་ཞིག་འཆི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཉེས་མེད་ཞུ་འབུལ་བྱེད་མཁན་བཀག་སྡོམ་དང༌། འཇུ་བཟུང་བྱས་ཡོད།
བོད་ནང་བོད་མིར་དམ་དྲག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷ་ས་སོགས་བོད་མི་འདུ་འཛོམས་ཆེ་སར་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པས་སྐོར་གཡེང་དང༌། མགྲོན་ཁང་དང༌། ཟ་ཁང་སོགས་ལ་གློ་བུར་གྱི་ཞིབ་བཤེར་བྱེད་པ་དང༌། ཡུལ་མིའི་ཐོབ་ཐང་ལག་འཁྱེར་མེད་རིགས་ལ་སྣེ་ལེན་བྱ་མི་ཆོག་པ་དང༌། བོགས་གཏོང་ཁང་པ་སོགས་ཞིབ་བཤེར་ནན་པོ་བྱས་ཏེ་བོད་མི་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང༌། ༢༠༠༩ ལོའི་ཟླ་ ༡ ནས་གནས་སྐབས་གནས་སྡོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་ཀྱིས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང༌། ཉིན་གསུམ་ཡན་ལྷ་སར་གནས་སྡོད་བྱེད་པར་ས་གནས་ཉེན་རྟོག་ལས་ཁུངས་སུ་གནས་སྐབས་གནས་སྡོད་ཆོག་པའི་ལག་འཁྱེར་འགྲོ་ལུགས་གཉེར་དགོས་པ་དང༌། ཁང་བདག་སོགས་ནས་འགན་ལེན་བྱེད་དགོས་ཀྱི་ཡོད། ཟླ་ ༡ ནང་ལྷ་སར་དགུན་དུས་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་བོད་མི་གང་བྱུང་འཇུ་བཟུང་བྱས་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་དང༌། སྤྱི་བདེ་ཉེན་རྟོག་པས་བོགས་གཏོང་ཁང་པ་དང༌། མགྲོན་ཁང༌། གྲོང་མིའི་སྡོད་ཁུལ་སོགས་སྔོག་བཤེར་བྱས་ཡོད་པ་དང༌། ཕྱི་ནས་ཡོང་བའི་མི་སྣ་ ༨༤༢༤ ཙམ་ལ་ཞིབ་བཤེར་དང༌། གནས་སྐབས་གནས་སྡོད་ཆོག་པའི་ལག་འཁྱེར་མེད་རིགས་མི་གྲངས་ ༡༤༨ འཇུ་བཟུང་བྱས་སྐོར་ལྷ་སའི་དགོང་དྲོའི་ཚགས་པར་ཐོག་བཏོན་ཡོད།
annual report 2009༢༠༠༩ ལོའི་ཟླ་ ༡ ཚེས་ ༡༨ ཉིན་ལྷ་སར་དགུན་དུས་ཀྱི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཡོད་པ་དང༌། སྤྱི་བདེ་ཉེན་རྟོག་པ་དང༌། དྲག་ཆས་ཉེན་རྟོག་དམག་དཔུང་གིས་གང་བྱུང་གིས་ལྷ་སའི་གྲོང་ཁུལ་གྲོང་མིའི་ཁྱིམ་ཚང་དང༌། བོགས་གཏོང་ཁང་པ་སོགས་སྔོག་བཤེར་བྱས་ཡོད་ཅིང༌། གནས་སྡོད་ལག་འཁྱེར་དང༌། ངོ་སྤྲོད་དཔང་ཡིག་མེད་རིགས། ཆབ་སྲིད་དྭོགས་གཞི་ཡོད་རིགས་གང་བྱུང་འཇུ་བཟུང་བྱས་ཡོད་ཅིང༌། ལྷ་སའི་དགོང་དྲོའི་ཚགས་པར་ཐོག་ཟླ་ ༡ ཚེས་ ༢༥ ཉིན་གནས་ཚུལ་སྤེལ་བར། དགུན་དུས་ཀྱི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་ཉིན་གྲངས་བརྒྱད་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཉེན་རྟོག་པ་ ༢༠༣ དང་ཉེན་རྟོག་རླངས་འཁོར་གྲངས་ ༧༠ བེད་སྤྱོད་ཀྱིས་ཉིན་བདུན་ནང་ཉེན་རྟོག་པ་ཚོས་ཉིན་མཚན་དབྱེར་མེད་ཀྱི་ཡུལ་མིའི་སྡོད་ཁུལ་ཆེ་ཁག ༣༠ དང༌། བོགས་གཏོང་ཁང་པ་ ༣༨༡༣ མགྲོན་ཁང་དང་སྣེ་ལེན་ཁང་ཁག ༣༣ དྲྭ་ཁང་དང་ཨར་ཁང་གྲངས་ ༥༦ སྔོག་བཤེར་དང་བཅོས་སྒྲིག་བྱས་པའི་ནང་མི་གྲངས་ ༨༤༢༤ ཞིབ་བཤེར་དང༌། དེའི་ནང་གནས་སྡོད་ལག་འཁྱེར་མེད་རིགས་གྲངས་ ༡༤༨ ཉེས་བསགས་དྭོགས་གཞི་ཡོད་པ་མི་གྲངས་ ༥༡ འཇུ་བཟུང་བྱས་ཡོད་ཅེས་པའི་གནས་ཚུལ་སྤེལ་ཡོད།
དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་གྲ་རྒྱས་ཞུ་ཆེད་དང༌། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་དུས་ཆེན་མཛད་སྒོ་ཁག་ལམ་ལྷོང་ཡོང་ཆེད་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་འགྲོ་བསྐྱོད་ལ་བཀག་སྡོམ་དང༌། དམ་དྲག་ཤུགས་ཆེ་བྱས་ཡོད་ཅིང༌། གང་བྱུང་གིས་བོད་མིའི་སྡོད་ཁང་སྔོག་བཤེར་དང༌། འཇུ་བཟུང་སོགས་ཀྱི་གནས་ཚུལ་ཐོན་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཟླ་ ༩ ཚེས་ ༨ ཉིན་གནས་ཚུལ་སྤེལ་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིན་ལིན་གྱིས། ¿1[0f5b]་དྲག་ཀུན་སློང་བྱེད་པ་དང༌། བྱ་སྤྱོད་སྤེལ་ཏེ་དེང་སྐབས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཞིབ་ཚགས་སྒྲུབ་དགོས་པ་དང་སྟོབས་ཤུགས་ཡོད་ཚད་རྒྱལ་ཁབ་བདེ་འཇགས་འགན་ལེན་དང༌། བོད་ལྗོངས་དུས་བབ་བརྟན་ལྷིང༌། ཀྲུང་གོ་གསར་པ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་ཐུབ་ཆེད་སྟོབས་དང་ལྡན་པའི་དམག་འཐབ་ཡག་པོ་ཞིག་རྒྱག་དགོས་¿1[0f5e]ེས་གཏམ་བཤད་བྱས་ཡོད།
༢༠༠༩ ལོའི་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་གཙོ་གནད། རྡུང་རྡེག་ཚ་ནན་གྱི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་ཞེས་པའི་ལས་དོན་གཙོ་གནད་བཀོད་སྒྲིག་ཡིག་ཆ་དོན་ཚན་བཅོ་ལྔ་པར། ¿1[0f56]ོད་ལྗོངས་དང༌། བོད་ཁུལ་གཞན་དག་ནང་རྡུང་གཅོག་འཕྲོག་བསྲེགས་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱས་ཀྱང་ཉེས་ཆད་ཕོག་མེད་པ། ཁྲིམས་འགལ་གྱི་རྒྱལ་མཚམས་བརྒལ་ནས་ཕྱིར་ལོག་བྱས་པ། དགོན་སྡེ་ནས་ཕྱིར་འབུད་བྱས་པའི་མི་སྣ་བཅས་ལ་དོ་དམ་ལས་དོན་ཡག་པོ་སྤེལ་ཏེ་བྱ་ཐབས་གནད་འཁེལ་ལག་བསྟར་བྱ་རྒྱུར་འགན་ལེན་ཐུབ་པ་བྱེད་དགོས་¿1[0f5e]ེས་བཀོད་འདུག
༢༠༠༩ ལོའི་ཟླ་ ༤ ཚེས་ ༡༢ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་ཉེས་བསགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང༌། བོད་ལྗོངས་ལྷ་སའི་ ༣།༡༤ དང༌། རང་ཞིང་གི་རྔ་བའི་༣།༡༦ དོན་རྐྱེན་ལྷག་རྗེས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ཚན་པས་ནན་ཏན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ཚན་པས་བོད་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཉེས་གསོག་གི་གྱོད་གཞིར་འགྲོ་ལུགས་ཐག་གཅོད་ཀྱི་མཛུབ་སྟོན་བསམ་འཆར སོགས་ཀྱི་དགོངས་དོན་གཞིར་བཟུང༌། རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་བསྐུལ་སོགས་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཉེས་བསགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཁ་བྲལ་གཏོང་བ་དང༌། ཕྱི་ལོགས་ཀྱི་ཆེད་དུ་གནས་ཚུལ་བརྐུ་ལེན་དང༌། འཚོལ་ཞིབ། བསླུ་ཉོ། དེ་བཞིན་ཁྲིམས་འགལ་ཐོག་ནས་རྒྱལ་ཁབ་ཀྱི་གསང་བ་མཁོ་འདོན་བྱེད་མཁན་བཅས་གསང་འཕྲིན་ཉེས་བསགས་པ་མི་གྲངས་ ༧༣ ཁྲིམས་ལྟར་མགྱོགས་པོ་འཇུ་བཟུང་དང༌། མགྱོགས་པོ་འཛིན་བཟུང་བྱས་པ་དང༌། མི་གྲངས་ ༣༤ ཞུ་གཏུགས་བྱས་ཡོད་ཅེས་བཀོད་ཡོད།
༢༠༠༩ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་ལྷ་སར་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་དང༌། ཁ་བྲལ་ངོ་རྒོལ་བྱེད་པའི་ལས་དོན་ཁྲོད་མཉམ་སྡེབ་དང་མི་སྣ་སྒེར་ལ་གཟེངས་རྟགས་སྤྲོད་པའི་ཚོགས་འདུ་ཚོགས་ཡོད་པ་དང༌། ཚོགས་འདུའི་ནང་རང་སྐྱོང་ལྗོངས་ཧྲུའུ་ཅི་ཀྲང་ཆིན་ལིན་གྱིས་¿1[0f56]ོད་ལྗོངས་ཀྱི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་དང༌། རིམ་པ་ཁག་གི་ཏང་སྲིད་ཀྱི་ལས་དོན་གྱི་གཙོ་གནད་དུ་འཇོག་དགོས་¿1[0f5e]ེས་དང༌། ཟླ་ ༡༡ ཚེས་ ༣ ཉིན་ལྷ་སར་མི་རིགས་མཐུན་སྒྲིལ་གྱི་མི་སྒེར་དང༌། མཉམ་སྡེབ་ཀྱི་མིག་དཔེར་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ལྷ་སར་སྐོང་ཚོགས་དང༌། ༢༠༠༩ ལོ་ཤར་བ་ནས་བཟུང་བོད་ཀྱི་ཞིང་འབྲོག་ཁུལ་དང༌། གྲོང་ཁྱེར། དེ་བཞིན་ལས་ཁུངས་ཁག་དང༌། སློབ་གྲྭ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་རྒྱུན་ཆད་སྤེལ་བཞིན་ཡོད་ཅིང༌། ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་གི་དམར་ཞེན་གྱི་གླུ་གཞས་གཏོང་བའི་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་ཡོད་པ་དང༌། ཟླ་ ༡༡ ཚེས་ ༡༠ ཉིན་ལྷ་སར་ལྗོངས་ཏང་ཨུད་ཀྱི་ལས་བྱེད་སྟོང་ཚོ་ལོན་པ་གྲོང་ཚོ་བརྒྱར་གཤམ་བསྐྱོད་བྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་ཅིང༌། ལས་བྱེད་ཁག་གྲོང་ཚོར་གཤམ་བསྐྱོད་ཀྱིས་གྲོང་ཚོའི་ནང་སྤྱི་ཚོགས་བརྟན་ལྷིང་ལས་དོན་སོགས་ལ་སྔར་བས་ཚགས་འཚུད་གཏོང་རྒྱུ་ཡིན་པ་རེད།
དུས་ཆེན་ཆེ་ཁག་སྐབས་བོད་ནང་ཆབ་སྲིད་དྭོགས་གཞི་ཡོད་པའི་མི་སྣ་དང༌། ཆབ་སྲིད་བཙོན་ཟུར་སོགས་ལ་དམ་དྲག་ཆེན་པོ་བྱས་ཏེ་དུས་ཆེན་གྱི་སྔ་ནུབ་ནས་འཇུ་བཟུང་བྱས་ཏེ་བཀག་ཉར་བྱེད་པ་དང༌། བཙན་ཤེད་ཀྱིས་ལྷ་ས་གྲོང་ཁུལ་སོགས་ནས་ཁ་བྲལ་དུ་བཅུག་པ། བྱ་སྤྱོད་ལ་ལྟ་ཞིབ་བྱེད་པ། ལྷག་པར་དུ་དགོན་སྡེ་ཁག་ལ་དམིགས་བསལ་གྱི་དམ་དྲག་བྱས་ཏེ་གྲ་བཙུན་རྣམས་ལྷ་ས་གྲོང་ཁུལ་དུ་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བོད་མི་འདི་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད། ཤིན་ཧྭ་དྲ་རྒྱ་འི་ཐོག་ ༢༠༠༩ ལོའི་ཟླ་ ༩ ཚེས་ ༢༨ ཉིན། ལྷ་སའི་སྤྱི་བདེ་ཚན་པས་རྒྱལ་སྟོན་དུས་ཆེན་བདེ་འཇགས་འགན་སྲུང་ཆེད་ཞིབ་བཤེར་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་ཅེས་པའི་ནང༌། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཡན་ལག་ཅུད་ཀྱིས་ཟླ་ ༩ ཚེས་ ༦ ནས་ཉེན་རྟོག་པ་མི་ཐེངས་གྲངས་ ༢༥༦༠ དང༌། ཉེན་རྟོག་ཆེད་སྤྱོད་རླངས་འཁོར་ ༦༧༠ བེད་སྤྱོད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མགྲོན་ཁང་ ༤༠༠ དང༌། བོགས་གཏོང་ཁང་པ་ ༦༥༠༠༠ ལ་ཞིབ་བཤེར་བཅོས་སྒྲིག་བྱས་པ་དང༌། འཇུ་བཟུང་བྱེད་མིར་བཀག་ཉར་དང༌། དངུལ་ཆད། ངལ་རྩོལ་སློབ་བཅུན། ཉེས་དོན་གྱི་འཛིན་བཟུང་སོགས་ཀྱི་ཐག་གཅོད་བྱས་པ་བཀོད་ཡོད།
༢༠༠༩ ལོའི་ཟླ་ ༨ ཚེས་ ༢༧ ཉིན་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་བཅུ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་ཆས་ཉེན་རྟོག་དམག་དཔུང་གི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པ་དང༌། ཁྲིམས་གཞི་དེ་ནི་དྲག་ཆས་ཉེན་རྟོག་དམག་དཔུང་ཆེད་འཛུགས་བྱས་ཏེ་ལོ་༢༧ སོང་རིང་ཁྲིམས་གཞི་ཐོག་མ་ཆགས་ཡོད་ཅིང༌། ཁྲིམས་གཞི་དེས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་མི་དམངས་འདུ་འཛོམས་དང༌། ཞི་རྒོལ་སོགས་ལ་དྲག་གནོན་བྱེད་རྒྱུར་དེ་བས་ཁྲིམས་ཀྱི་རྒྱབ་གཉེར་བྱུང་ཡོད་ཅིང༌། བོད་ནང་བོད་མིའི་ཞི་རྒོལ་ཁག་ལ་རྒྱ་གཞུང་གིས་དྲག་གནོན་དང༌། དམ་དྲག་བྱེད་པའི་ནུས་སྟོབས་ཆེ་ཤོས་ཡིན་ཞིང༌། བོད་ནང་བོད་མིའི་ཞི་རྒོལ་ཁག་ཚང་མར་དམིགས་བསལ་གྱི་དམག་དཔུང་འདི་བེད་སྤྱོད་བྱས་ཡོད། ༢༠༠༩ ལོར་བོད་ཀྱི་སེར་འབྲས་དགའ་གསུམ་དུ་དྲག་ཆས་ཉེན་རྟོག་དམག་དཔུང་མེ་ཟོན་ངོ་བོའི་ཐོག་ནས་གསར་འཛུགས་བྱས་ཡོད་པ་དང༌། དཀར་མཛེས་ས་ཁུལ་དུ་ཕྱི་ཟླ་ ༡༠ ནང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་སྒར་གསར་རྒྱག་གིས་རྒྱ་བསྐྱེད་བཏང་ཡོད་པ་རེད།
བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང༌། ཁྲིམས་དང་སྒྲིག་གཞི་མང་དག་ཞིག་གསར་དུ་བཟོས་ཏེ་གྲྭ་བཙུན་ཚོར་འགུལ་སྐྱོད་རང་དབང་ཙམ་ཡང་མེད་པ་དང༌། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་མུ་མཐུད་དེ་སྤེལ་བཞིན་ཡོད་པ་དང༌། ཆབ་སྲིད་དྭོགས་གཞིའི་འོག་གྲྭ་བཙུན་གང་བྱུང་འཇུ་བཟུང་དང་དགོན་པ་ནས་ཕྱིར་འབུད། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་བཀག་སྡོམ་དང༌། དུས་ཆེན་ཆེ་ཁག་སོགས་སུ་གྲྭ་བཙུན་དགོན་པ་ནས་ཕྱི་ལ་འགྲོ་བསྐྱོད་མི་ཆོག་པའི་བཀག་སྡོམ། དེ་བཞིན་ཆབ་སྲིད་ཉེས་མིང་གཡོག་ནས་གྲྭ་བཙུན་མང་པོ་འཇུ་བཟུང་དང་ཁྲིམས་ཆད་བཅད་ཡོད་པ་སྟེ་དཀར་མཛེས་སྤུ་རུ་སྣ་དགོན་གྱི་ཕུར་བུ་ཚེ་རིང་རིན་པོ་ཆེར་ལོ་ ༨ དང་ཟླ་ ༦ རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང༌། བླ་བྲང་དགོན་གྱི་གྲྭ་བརྩོན་འགྲུས་སོགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་ལ་བཀག་སྡོམ་འོག་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་ཁག་བཙན་འཕྲོག་བྱས་ཡོད།
འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང༌། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་ཅེས་པ་དེ་ནི་དེང་སྐབས་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱུན་དུ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པའི་རྣམ་པ་ཞིག་རེད། ༢༠༠༩ ལོའི་ཟླ་ ༡༢ ཚེས་ ༢༨ ཉིན་ཀྲུང་གོའི་རླུང་འཕྲིན་དྲྭ་བའི་ཐོག་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ལ་བཅར་དྲི་བྱེད་སྐབས། ¿1[0f56]ོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མི་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ ༣༥༨༩ ཟིན་པ་དང༌། ལོ་བདུན་བསྟུད་མར་གྲངས་ཆུང་གཉིས་ཀྱི་འཕེལ་རྒྱས་ཕྱིན་པ་དང༌། ཉེ་བའི་ལོ་བཞིའི་ནང་དེ་བས་བརྒྱ་ཆ་བཅུ་གསུམ་ཡན་འཕར་སྣོན་བྱེད་རྒྱུར་མངོན་གྱུར་བྱུང་ཡོད་¿1[0f45]ེས་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་བོད་ནང་བོད་མིའི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་རྣམས་རྒྱ་མིས་བདག་སྲུང་བྱེད་བཞིན་པ་དང༌། རྒྱ་མི་རིགས་ཀྱི་ཚོང་པ་དང༌། ལས་མི་སོགས་ཀྱི་གྲངས་འབོར་ཇེ་འཕར་ཕྱིན་པ་དེས་བོད་མིའི་ལས་རིགས་མང་པོ་ཞིག་རྒྱ་མི་རིགས་ཀྱི་བདག་བཟུང་བྱེད་བཞིན་ཡོད། ད་དུང་བོད་ཀྱི་ཞིང་འབྲོག་ཁུལ་དང་གྲོང་ཁུལ་དུ་ལྟོ་གོས་གནད་དོན་ཐག་གཅོད་མི་ཐུབ་པའི་དབུལ་པོ་མི་འབོར་མང་པོ་ཡོད་པ་མ་ཟད། ལྷ་ས་གྲོང་ཁུལ་དུ་སློང་མོ་བའི་འཚོ་བ་སྐྱེལ་མཁན་གྱི་བོད་མི་ཡང་མང་དག་ཅིག་ཡོད་པ་རེད། གང་བྱུང་གིས་གཏེར་ཁ་བསྔོགས་འདོན་དང༌། ཆུ་གློག་སོགས་གཞི་རྒྱ་ཆེ་བའི་ལས་འཆར་རྐྱེན་པས་གནས་ཡུལ་བོད་མི་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པ། དེ་བཞིན་བོད་ཀྱི་ཁོར་ཡུག་ལ་ཡང་ཉེན་ཚབས་ཆེན་པོ་ཆགས་ཡོད།
བོད་མི་བརྒྱ་ཆ་བརྒྱད་ཅུ་ཡན་ཞིང་འབྲོག་ཁུལ་དུ་གནས་ཡོད་པ་དང༌། ཞིང་འབྲོག་ཁུལ་དུ་རྨང་གཞིའི་སྒྲིག་ཆས་ཞན་པ་དང༌། སྨན་ཁང་སོགས་ཀྱི་ཆ་རྐྱེན་འཐུས་ཚང་མེད་པར་གྲོང་ཁྱེར་དང་ཧེ་བག་ཆེན་པོ་ཡོད། ལྷག་དོན་དུ་བོད་ནང་དབུལ་ཕྱུག་དབར་གྱི་ཁྱད་པར་དང༌། གྲོང་ཁྱེར་དང་གྲོང་གསེབ་དབར་ཁྱད་པར་ཆེན་པོ་འགྲོ་བཞིན་ཡོད། བོད་ནང་རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་རྣམ་གྲངས་ཆེ་བ་མང་པོ་ཞིག་གསར་སྤེལ་བྱེད་བཞིན་ཡོད་ཀྱང་དེ་དག་གི་གནས་ཡུལ་བོད་མིར་ཐད་ཀར་འཕྲལ་ཕུགས་ཀྱི་ཁེ་ཕན་ཐོབ་ཀྱི་མེད་པ་དང༌། ལས་འཆར་འདི་དག་མང་ཆེ་བ་རྒྱ་མི་རིགས་ནས་སྤེལ་གྱི་ཡོད་པར་བརྟེན་དཔལ་འབྱོར་ཁེ་ཕན་ཆེ་བ་རྣམས་རྒྱ་རིགས་ལ་ཐོབ་ཀྱི་ཡོད། བོད་ནང་རྒྱ་མི་རིགས་ཀྱི་ལས་མི་དང༌། ཚོང་པ་སོགས་གནས་སྤོས་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། ཆེ་ས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དོ་ཕོག་ཆེན་པོ་ཕོག་གི་ཡོད་ལ། བོད་མིའི་གནས་སྐབས་འཚོ་བའི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཕོག་སྟེ་བོད་མིའི་ཚོང་ལས་དང༌། ལག་ཤེས་ལས་རིགས། ལས་མི་སོགས་ཀྱི་ལས་ཀའི་གོ་སྐབས་མང་པོ་ཞིག་འཕྲོག་བཞིན་ཡོད། དེ་བཞིན་བོད་མིས་དད་པ་བྱེད་ཡུལ་གྱི་གནས་རི་སོགས་ལ་གང་བྱུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་བ། ས་ཆ་གཞན་དུ་གནས་སྤོས་བྱེད་བཅུག་པ་སོགས་ཀྱི་བོད་མིའི་རྒྱུན་སྲོལ་གྱི་འཚོ་བ་དང་དཔལ་འབྱོར་ལ་དཀའ་ངལ་གསར་པ་ཞིག་སྤྲོད་བཞིན་ཡོད།
བོད་ཀྱི་སློབ་གྲྭ་ཁག་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བ་དང༌། བོད་ཕྲུག་ཆུང་ཆུང་ཚོར་ཡང་ཁ་བྲལ་ངོ་རྒོལ་དང༌། བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་པ་སོགས་ཀྱི་ཆབ་སྲིད་ནང་དོན་གྱི་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང༌། བོད་ཕྲུག་ཚོར་ཆོས་ལུགས་ཀྱི་བྱེད་སྒོ་དང༌། བོད་མིའི་སྲོལ་རྒྱུན་གོམས་སྲོལ་སོགས་ནང་འཛུལ་ཞུགས་དང་ཉམས་ལེན་བྱེད་རྒྱུར་དམ་དྲག་བཀག་སྡོམ་བྱེད་ཀྱི་ཡོད། ༢༠༠༨ ལོར་བོད་རང་སྐྱོང་ལྗོངས་དམར་ཤོག་སྒྲིག་གཤེར་ཁང་དང༌། ལྗོངས་སྲིད་གཞུང་ལྟ་ཞིབ་ཐིང་གཉིས་ཀྱིས། གུང་ཁྲན་ཏང་ཡོན་དང༌། རྒྱལ་ཁབ་ཀྱི་སྤྱི་ཞབས་པའི་བུ་ཕྲུག་ཕྱི་ལོགས་སུ་ཏཱ་ལའི་རུ་ཚོགས་ཀྱིས་བཙུགས་པའི་སློབ་གྲའི་ནང་སློབ་གཉེར་བྱེད་པར་སྒྲིག་ཁྲིམས་ཆད་པ་གཏན་འབེབས། ཚོད་བལྟ། ཞེས་པ་བཏོན་སྟེ་ལག་བསྟར་བྱེད་བཞིན་ཡོད་པ་དང༌། བོད་ནང་བོད་མི་གུང་ཁྲན་ཏང་ཡོན་དང༌། ལས་བྱེད་པའི་བུ་ཕྲུག་བཙན་བྱོལ་ནང་གི་སློབ་གྲ་དང་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་བཞིན་པ་བོད་དུ་ཕྱིར་ལོག་བྱེད་དུ་བཅུག་པས་བུ་ཕྲུག་དེ་ཚོའི་སློབ་སྦྱོང་ལ་བར་ཆད། འཇུ་བཟུང་བཅས་ཀྱི་ཉེན་ཚབས་ཆེན་པོ་ཆགས་ཡོད་ལ། གཏན་འབེབས་འདིས་བོད་མི་ལས་བྱེད་ལས་བཟོའི་བུ་ཕྲུག་བཙན་བྱོལ་ནང་སློབ་གཉེར་བྱེད་པའི་གོ་སྐབས་བཙན་འཕྲོག་བྱས་ཡོད།
༢༠༠༩ ལོའི་ཟླ་ ༤ ཚེས་ ༢༤ ཉིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་གྲངས་ ༣༠༠ ལྷག་གིས་ལག་ཏུ་དམངས་གཙོ་དང་རང་དབང་ནི་ནམ་ཡང་ང་ཚོའི་རྒྱབ་རྟེན་ཡིན་ཞེས་པའི་འཕྲེད་དར་འཕྱར་ཏེ་སློབ་གྲྭའི་རྒྱལ་སྒོ་ཆེན་མོ་ནས་མཆོད་རྟེན་སར་སྒར་བར་དུ་གོམ་འགྲོས་ཀྱིས་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་མི་འབྱོར་ཏེ་ཞི་རྒོལ་བཀག་སྡོམ་བྱས་ཤིང༌། སློབ་གྲྭའི་ཁུལ་དུ་དམ་དྲག་བྱས་ཏེ་སློབ་ཕྲུག་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་དང༌། སྤྱི་བདེ་ཉེན་རྟོག་མི་སྣ་སློབ་གྲྭར་ཡོང་སྟེ་དགེ་རྒན་དང་སློབ་ཕྲུག་ལ་དྲི་རྩད་བྱས་ཤིང༌། འགོ་ཁྲིད་བྱེད་མཁན་གྱི་དྭོགས་གཞིའི་འོག་དམའ་འབྲིང་གི་སློབ་མ་སྒྲོལ་མ་བཀྲིས་དང༌། སྒྲོལ་མ་འབུམ་གཉིས་སློབ་གྲྭ་ནས་ཕྱིར་འབུད་བྱས་ཡོད་པ་དང༌། དེ་མིན་སློབ་ཕྲུག་ཁག་གཅིག་ལ་དཔལ་འབྱོར་གྱི་ཆད་པ་བཅད་ཡོད་ལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སྡེ་ཚན་ནས་སློབ་སྦྱོང་མཐར་ཕྱིན་པའི་རྒན་བསྟན་འཛིན་ཐབས་མཁས་ལགས་ཀྱིས་རྒྱལ་སྤྱིའི་རྒྱ་འགྲམ་དམར་པོའི་ཐེབས་རྩ་ཚོགས་པ་ཞིག་ནས་རོགས་དངུལ་འོག་ནག་ཆུ་རྫོང་གྲོང་བརྡལ་དུ་བཙུགས་པའི་ལས་རིགས་སློབ་གྲྭ་དང༌། དེ་བཞིན་བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཁོངས་པད་དཀར་ཤང་གི་པད་དཀར་དགོན་པའི་རྒན་བློ་བཟང་སྙན་གྲགས་ལགས་ཀྱིས་བཙུགས་གནང་བའི་༼པད་དཀར་ཤེས་རིག་ལག་རྩལ་སློབ་གྲྭ༽གཉིས་ཀྱང་རྒྱ་གཞུང་གིས་ ༢༠༠༩ ལོར་སྒོ་བརྒྱབ་ཏུ་བཅུག་ཡོད་པ་རེད།
༢༠༠༩ ལོར་བོད་ནང་དམ་དྲག་དང༌། ལྷག་པར་དུ་བོད་མིའི་འགྲོ་འོང་ཐོག་ཚོད་འཛིན་དང་བཀག་སྡོམ། ལམ་མདོ་ཁག ས་མཚམས་ཁག་ལ་དམིགས་བསལ་དམ་དྲག་ནན་པོ་བྱས་པ། བོད་མི་བྲོས་བྱོལ་འགྲོ་བསྐྱོད་བྱེད་ཡུལ་མཐའ་མཚམས་ཁག་ལ་མཐའ་སྲུང་སྤྱི་བདེ་མངགས་གཏོང་ཁང་དང༌། ཡུལ་མི་ཆེད་འཛུགས་བྱས་པ། དེ་བཞིན་ ༢༠༠༨ ཟླ་ ༧ ནང་བོད་མི་གུང་ཁྲན་ཏང་ཡོན་དང༌། ལས་བྱེད་པའི་བུ་ཕྲུག་བཙན་བྱོལ་ནང་སློབ་གཉེར་དུ་བསྐྱལ་མི་ཆོག་པའི་སྒྲིག་ཁྲིམས་ཀྱི་ཆད་གཅོད་གཏན་འབེབས་བྱས་པ་སོགས་ཀྱི་འོག་བོད་ནས་བཙན་བྱོལ་དུ་བོད་མི་གྲངས་ ༦༩༡ ལས་འབྱོར་མེད་པ་དང༌། དེ་ནི་འདས་པའི་ལོ་ཤས་ནང་བོད་ནས་བཙན་བྱོལ་དུ་ཡོང་བའི་གྲངས་འབོར་ཉུང་ཤོས་ལོ་གཉིས་པ་དེ་ཆགས་ཡོད་པ་བཅས་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེགནས་ཁང་ནས་༢༠༡༠ ལོའི་ཟླ་ ༡ ཚེས་ ༢༠ཉིན་སྤེལ།

Share this:
༣༠ ཀློག་གྲངས།