བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ལ་རྩེད་འགྲན་མཐའ་མའི་ནང་རྒྱལ་ཁ་ཐོབ་མི་འདུག

ཟླ་འདིའི་ཚེས་༡༢ ཉིན་དྷ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཨུ་ནའི་བུད་མེད་རྐང་སྤོལ་རུ་ཁག་དབར། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་གོ་སྒྲིག་བྱས་པའི་བུད་མེད་ཀྱི་རྐང་སྤོལ་འགྲན་སྡུར་ཐེངས་དང་པོའི་མཐའ་མའི་རྩེད་འགྲན་བྱས་ཡོད་པ་རེད།

football2_2016_6_13རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་དེ་ཨུ་ནའི་བུད་མེད་རྐང་སྤོལ་རུ་ཁག་གིས་བླངས་ཡོད་པ་དང། བོད་ཀྱི་བུད་མེད་རུ་ཁག་ཨང་གཉིས་པ་ཆགས་ཡོད་པ་རེད།

རྩེད་འགྲན་དེ་ཟླ་འདིའི་ཚེས་༩ ཉིན་ནས་འགོ་འཛུགས་བྱས་ཡོད་པ་དང། དེར་རྒྱ་གར་གྱི་རུ་ཁག་གསུམ་དང་བོད་པའི་རུ་ཁག་གཅིག་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས། ཐེངས་འདིར་བོད་ཀྱི་བུད་མེད་རུ་ཁག་གིས་ཧ་ཅང་ཡག་པོ་བརྩེ་ཡོད་ཀྱང། ཨང་རིམ་གཉིས་པ་ཆགས་པ་རེད། མ་འོངས་པར་མུ་མཐུད་ནས་བུད་མེད་ཀྱི་རྐང་སྤོལ་ལས་གཞི་དེ་རྒྱུན་སྐྱོང་བྱེད་རྒྱུ་དང། རྩེད་འགྲན་ནང་བོད་ཀྱི་བུད་མེད་རུ་ཁག་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་སོང།

ཟླ་འདིའི་ཚེས་༩ ཉིན་སྟེ། རྩེད་འགྲན་འགོ་འཛུགས་མ་བྱས་པའི་སྔོན་དེར་སྲིད་སྲིད་སྐྱོང་བློ་བཟང་སེང་གེས་བོད་པའི་བུ་མེད་རྐང་རྩེད་པོ་ལོའི་རུ་ཁག་དང་ཐུག་འཕྲད་ཀྱིས། ཁོང་རྣམས་ལ་རྩེད་མོའི་ལམ་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་པའི་སྙིང་སྟོབས་སྤེལ་བ་དང་། ལྷག་པར་དེང་དུས་རབས་ ༢༡ སྐབས་འདིར་བུད་མེད་ཀྱི་འགོ་འཁྲིད་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་ཡོད་པ་རེད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་་ཕྱི་ལོ་༢༠༡༧ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་༢༣ པ་དེ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་སུ་ཚུགས་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༧༢ ཀློག་གྲངས།