ང་ཚོས་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ང་ཚོར་རྒྱབ་སྐྱོར་གནང་རོགས།

2016-06-15-WashingtonDC-G10-WH_Souza
http://dalailama.com/

ཟླ་འདིའི་ཚེས་ ༡༥ ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་  Map Room  ནང་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་རེད།

ཐེངས་འདིའི་མཇལ་འཕྲད་ནི་རྒྱུན་ལྡན་ཞིག་ཡིན་ནའང་། རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་མཆོག་ལ་བོད་ཁ་བྲལ་གྱི་ཕྱག་ལས་གནང་མཁན་ཡིན་སྐོར་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུའུ་ཀང་(Lu Kang) གིས། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་རྒྱུའི་གནད་དོན་ཐད་ངོ་རྒོལ་བྱས་ཏེ་ང་ཚོ་རྒྱ་ནག་གི་ཕྱོགས་ནས་མཇལ་འཕྲད་དེར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ལ་། གལ་ཏེ་མཇལ་འཕྲད་གནང་བ་ཡིན་ཚེ་དེ་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཁ་བྲལ་རིང་ལུགས་པར་ནོར་འཁྲུལ་གྱི་གོ་དོན་སྤྲད་པ་ཞིག་ཡིན་པ་མ་ཟད་། ཨ་རི་དང་རྒྱ་ནག་ཕྱོགས་གཉིས་པོའི་ཡིད་ཆེས་དང་མཉམ་ལས་ལ་གནོད་འཚེ་བཟོ་རྒྱུ་ཡིན་སྐོར་བཤད་ཡོད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་ཀྱི་སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་གྲོང་ཁྱེར་ཨོར་ལེན་ཌོའི་ Orlando ནང་མི་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་སྦྲགས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་སྐབས་སྲིད་འཛིན་ཨོ་བྷ་མས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན།  མགོན་པོ་གང་ཉིད་ཀྱིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཡོད་ཚུལ་གསུངས་འདུག

སྐབས་དེར་བོད་ནང་གི་གནས་སྟངས་སྐོར་ལ་བཀའ་བསྡུར་མཛད་པ་མ་ཟད། སྲིད་འཛིན་ཨོ་བྷ་མས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། དེ་བཞིན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་དང་། ཕྱོགས་མཚུངས་སྲིད་འཛིན་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་སྦྲགས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། མགོན་པོ་གང་ཉིད་ཀྱིས་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེ་རྒྱུན་སྐྱོང་མཛད་བཞིན་པར་གུས་བཀུར་ཆེ་བསྟོད་རྒྱ་ཆེ་ཞུས་གནང་འདུག

ལྷག་པར་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་ཐད་ཀར་གྲོས་མོལ་གནང་ནས་ཕྱོགས་གཉིས་དབར་མི་མཐུན་པའི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་མཛད་དགོས་པའི་ལམ་སྟོན་ཞུས་འདུག གཞན་ཡང་སྐབས་དེར་སྲིད་འཛིན་མཆོག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་པའི་ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་བཞིན་པའི་ལངས་ཕྱོགས་དེ་གསལ་སྟོན་ཞུས་པ་དང་སྦྲགས། བོད་རང་བཙན་ལ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་གསུངས་འདུག

སྐབས་དེར་༸གོང་ས་མཆོག་གིས་རང་བཙན་རྩོད་གནང་མཛད་ཀྱི་མེད་པ་དང་མགོན་པོ་གང་ཉིད་ཀྱི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་མགྱོགས་མྱུར་གྲོས་མོལ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་གསུངས་པ་དང་། དབུ་ཁྲིད་རྣམ་གཉིས་ཐུན་མོང་གི་དགོངས་བཞེད་མཛད་བཞིན་པ་ནི་རྒྱ་ནག་དང་ཨ་རིའི་ཡུལ་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་གཅིག་མཚུངས་ཡིན་འདུག  མཐར་སྲིད་འཛིན་ཨོ་བྷ་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་དབུ་ཁྲིད་ཀྱི་མཛད་བཟང་ལ་དགའ་བསུ་ཞུས་པ་མ་ཟད། ༸གོང་ས་མཆོག་གིས་གོ་ལ་སྤྱིའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་དང་། ལྷག་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཁྱགས་རོམ་དང་བོད་མཐོ་སྒང་གི་གནམ་གཤིས་སྲུང་སྐྱོབ་དགོས་པའི་སྐོར་གོ་རྟོགས་སྤེལ་གནང་མཛད་བཞིན་པ་དེར་རྒྱབ་སྐྱོར་གནང་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་ཚེས་༡༤ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད་པ་དང་། ༸གོང་ས་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་(Nancy Pelosi) དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་(Patrick Leahy) གཉིས་ཀྱིས་ཕེབས་བསུ་ཞུས་འདུག

དེ་རྗེས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་མཇལ་འཕྲད་སྐབས་བཀའ་སློབ་བསྩལ་དོན། “ཨ་རིའི་གྲོས་ཚོགས་ནས་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ང་ཚོས་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། གང་ཡིན་བརྗོད་ན། ང་ཚོ་རྒྱ་རིགས་སྤུན་ཟླ་ཕོ་མོ་རྣམས་དང་གདོང་ཐུག་བྱེད་འདོད་མེད། འོན་ཀྱང་རྒྱ་ནག་གི་ཡིག་ཆའི་ནང་གསལ་ལྟར་ན་དུས་རབས་༩ སྐབས་བོད་རྒྱ་ཧོར་གསུམ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་མ་ཟད། སྟོབས་འབྱོར་མངའ་ཐང་ཧ་ཅང་རྒྱས་པ་འཁོད་ཡོད། ད་ལྟ་ང་ཚོས་རྩོད་བཞིན་པ་འདི་ནི་ཕན་ཚུན་གཉིས་ཕན་ཞིག་ཡིན། བོད་དང་རྒྱ་ནག་ནང་དུ་དཔལ་ན་ལེནྡྲའི་སྲོལ་རྒྱུན་གྱི་ནང་ཆོས་དར་སྤེལ་བྱུང་བ་གཅིག་མཚུངས་ཡིན། འོན་ཀྱང་བོད་ནང་དར་སྤེལ་བྱུང་བ་དེ་ཆ་ཚང་བ་ཞིག་ཡིན་སྟབས་གཅེས་འཛིན་བྱེད་འོས་པ་ཞིག་རེད། བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ལའང་ང་ཚོར་སེམས་འཚབ་ཧ་ཅང་འདུག་”ཅེས་བཀའ་སློབ་བསྩལ་བ་དང། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཉམ་ཞུགས་གནང་ཡོད་པས། ༧གོང་ས་མཆོག་གིས་ “འདིར་སྲིད་སྐྱོང་མཆོག་སླར་ཡང་ལོ་ལྔའི་རིང་འོས་འདེམས་བྱུང་བ་རེད། ང་ཚོ་བོད་མི་བཙན་བྱོལ་བ་ཚོས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད། དེས་པེ་ཅིང་སྲིད་གཞུང་གི་འགོ་ཁྲིད་རྣམས་ལ་མང་གཙོ་ཟེར་ན་གང་འདྲ་ཡིན་མིན་བརྡ་ལན་ཞིག་གཏོང་བཞིན་ཡོད། ང་ཚོས་བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་ནི་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ང་ཚོས་ད་དུང་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ཐུགས་རྗེས་གཟིགས་ང་ཚོར་རྒྱབ་སྐྱོར་མུ་མཐུད་གནང་རོགས། ང་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་བཀའ་སློབ་བསྩལ་ཡོད་པ་རེད།

2016-06-14-WashingtonDC-G01_ZOK1695ཨ་རིའི་གྲོས་ཚོགས་ཕྱོགས་འགལ་དང་གཞུང་འཛིན་ཚོགས་པ་གཉིས་ཐུན་མོང་གིས་༸གོང་ས་མཆོག་ལ་ཉིན་དགུང་གསོལ་སྟོན་གཟབ་རྒྱས་འབུལ་ལམ་ཞུས་པ་དང། སྐབས་དེར་ལྕམ་ནན་སི་པི་ལོ་སིས་གཏམ་བཤད་ཅིག་སྙན་སྒྲོན་ཞུས་པའི་ནང་འཁོད་དོན། “༸གོང་ས་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་དང་། བྱམས་བརྩེ། ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་ཁྱབ་སྤེལ་གཏོང་གནང་མཛད་བཞིན་པའི་མཛད་བཟང་ལ་གྲོས་ཚོགས་ཀྱི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ཀས་ཐུན་མོང་ཐོག་གུས་བཀུར་ཧ་ཅང་ཞུ་སླད་དེ་རིང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པོལ་ར་ཡེན་མཆོག་དང་ལྷན་གསོལ་སྟོན་འདི་གོ་སྒྲིག་ཞུས་པ་ཞིག་ཡིན། ༸གོང་ས་མཆོག་ཨ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་ནམ་བསྐྱངས་སྐབས། འགྱུར་བ་ཇི་འདྲ་ཞིག་ཡིན་ཡང་། གཙོ་བོ་ལག་ལེན་ཐོག་ནས་ཡོང་ཐུབ་རྒྱུ་ཡིན་པའི་དྲན་སྐུལ་གཏོང་གནང་མཛད་བཞིན་ཡོད། གྲོས་ཚོགས་ངོས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་སླད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་”ཞེས་འཁོད་ཡོད་པ་རེད།

དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། “ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་རེ་བ་དང་བློ་སྟོབས་ཀྱི་འབྱུང་རྩ་ཡིན། གྲོས་ཚོགས་ཀྱི་ཚོགས་གཙོར་མཚོན་ན་སྐུ་ན་གཞོན་པ་རེད། ལྕམ་ནན་སི་པི་ལོ་སི་མཆོག་ལ་མཚོན་ན་ལོ་མང་རིང་ནས་ངོ་ཤེས་རེད། གྲོགས་མོ་བློས་ཐུབ་རེད། གོང་དུ་ཞུས་པ་བཞིན་ང་ཚོར་རྒྱབ་སྐྱོར་གནང་མཁན་ཚོ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་རེད་”ཅེས་བཀའ་སློབ་བསྩལ།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༠༧ ཀློག་གྲངས།