སྙིང་ལ་གཟན་པའི་གཏམ་གླེང་།

ལོ་འདི་ནང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ནང་འཁྲུགས་ཆ་དོད་ཤོས་ཀྱི་ལོ་གཅིག་ལ་ངོས་འཛིན་བྱས་པ་ཡིན་ན་མི་ཆོག་རྒྱུ་ཅི་ཞིག་ཡོད་སྙམ་པའི་ཚོར་སྣང་དང་བསམ་ཚུལ་ཡོད། རྒྱུ་མཚན་ནི་༸རྒྱལ་བ་རིན་པོ་མཆོག་གི་སྲིད་ཀྱི་འགན་དབང་མི་དམངས་ལ་རྩིས་སྤྲོད་གནང་ནས་སྲིད་སྐྱོང་འོས་འདེམས་ཐེངས་གཉིས་པར་འཁེལ་བ་དང་།  ༸རྒྱལ་བ་རིན་པོ་ཆེ་མཆོག་གི་མི་དམངས་ཆབ་སྲིད་རྩིས་སྤྲད་གནང་དུས་གཞིས་བྱེས་བོད་མི་འགོ་འོག་ཚང་མ་གང་འདྲ་བྱུང་ན་སྙམ་པའི་སེམས་འཚབ་བྱུང་མོད།  གཞིས་བྱེས་བོད་མི་ཡོངས་རྫོགས་བློ་རྩེ་ཆིག་སྒྲིལ་དང་། དེ་བཞིན་ལྷ་སྲུང་རྣམས་པའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལས་ལས་དོན་ཁག་ལམ་ལྷོང་བྱུང་ཡོད།  དེ་ནི་ང་ཚོ་ཚང་མས་དགའ་བ་སྒོམ་འོས་པའི་གནས་སྟངས་ཤིག་ཡིན་པར་འདོད།

འོན་ཀྱང་ལོ་འདི་སྲིད་སྐྱོང་འོས་འདེམས་སྐབས། སྐད་འཕྲིན་དང་། དྲ་རྒྱ། ངོ་དེབ་སོགས་སུ་ཕན་ཚུན་ཕན་ཐོགས་མེད་པའི་སྐྱོན་བརྗོད་སོགས་ཀྱི་བོད་མིའི་རང་བཞིན་གྱིས་ཡ་རབས་བཟང་སྤྱོད་དང་ཡོངས་སུ་བརྒལ་སོང་བ་དང་། གནད་ཡོད་ཀྱི་མི་སྣ་དུ་མ་སེམས་ཕམ་དགོས་པའི་གནས་སྟངས་གྱུར་ཡོད་ཅིང་། དེ་དག་ནི་ཆོལ་ཁའི་མིང་འཁུར་ནས་འགྲན་རྩོད་པ་ལ་རྒྱབ་སྐྱོར་བྱེད་ཁུལ་བྱས་པ་དེ་ནི་ལྷག་བསམ་རྣམ་དག་ཡིན་ནའང་ང་ཚོའི་སྤྱི་ཚོགས་ནི་མི་ཡུལ་ལུང་པར་ནར་མ་སོན་པའི་མང་གཙོ་ཡིན་དུས་ཆོལ་ཁའི་མིང་བྱང་འོག་ནས་ལས་འགུལ་སྤེལ་འོང་དུས་སྤྱི་ཚོགས་འདི་འཁྲུགས་ཆ་དོད་པོ་བཟོས་སོང་སྙམ་པའི་ཚོར་སྣང་ཆེན་པོ་ཡོད། ད་ནི་མ་འོངས་པ་དེ་རིགས་མི་འབྱུང་བའི་འབྲེལ་ཡོད་ཚང་མའི་ཐུགས་བསམ་བཞེས་དགོས་པ་ཞིག་ལས་གནས་སྐབས་ཀྱི་ཁེ་ཕན་དོན་དུ་བོད་སྤྱི་པའི་རྩ་དོན་ལ་གནོད་པའི་ལས་དོན་ནམ་ཡང་བྱེད་མི་རུང་བ་དེ་རེད། ད་དུང་ང་ཚོའི་སྤྱི་ཚོགས་ནང་མི་སྣ་འགའ་ཤས་ཀྱིས་ཕུ་དཀྲུག་མདའ་དཀྲུག་བཟོས་ཏེ་སོ་སོར་མཚན་གནས་ཐོབ་དགོས་པ་དེ་ཐོབ་ཚར་རྗེས་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་མིན་མདོག་མདོག་གིས་སྤྱི་ཚོགས་སྡིངས་ཆ་སྟེང་ནས་རྣམ་འགྱུར་བསྟན་འོང་དུས་ཧོན་འཐོར་ཞིང་གད་མོ་རང་བཞིན་མེད་པར་ཤོར་གྱི་འདུག གནང་སྟངས་དེ་དག་ནི་རྒྱལ་ཁབ་ཡོད་པའི་མི་སྣའི་བྱེད་སྟངས་ཤིག་ལས་ང་ཚོར་ས་ཆ་ལག་མཐིལ་ཙམ་ཞིག་མེད་མཁན་བཙན་བྱོལ་འཐབ་རྩོད་པའི་བྱེད་སྟངས་ཤིག་གཏན་ནས་ཡིན་གྱི་མ་རེད་སྙམ།

ད་ལྟ་ང་ཚོ་ཆོལ་གསུམ་དང་ཆོས་ལུགས་རིས་མེད་ཀྱི་ཆིག་བསྒྲིལ་གནས་ཡོད་པ་དེ་ནི་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ཡིན་པས་ཁོང་ལ་ཐུགས་ཕམ་དགོས་པའི་ལས་དོན་སྣེ་གཅིག་བྱེད་མི་རུང་། དེ་དག་ནི་ང་ཚོའི་རྩ་བའི་དམ་བཅའ་འཛིན་དགོས་པ་རེད། ད་ནི་ང་ཚོ་ཚང་མས་འདས་ཟིན་པའི་བྱ་བ་ངན་རིགས་རྣམས་དོར་ཞིང་། བྱ་བ་བཟང་པོ་རྣམས་བསླབ་བྱའི་ཚུལ་དུ་བླངས་ནས་མདུན་བསྐྱོད་བྱེད་དགོས། ལྷག་པར་དེང་སྐབས་བོད་གཞིས་བྱེས་སུ་གནས་དགོས་པའི་གནས་སྟངས་འོག་ནས་བོད་མི་རིགས་སྐད་ཡིག་ལ་ཧ་ཅང་ཉམས་ཆག་སོང་དང་འགྲོ་བཞིན་ཡོད་ཅིང་།  གནས་སྟངས་དེ་དག་ལ་བརྟེན་གནད་ཡོད་མི་སྣ་ཚོས་སྡུག་སྐད་འདོན་བཞིན་སློབ་གྲྭ་ཁག་ལ་བོད་སྐད་གཙོ་བོ་སློབ་ཁྲིད་གནང་ཐབས་ལ་འབད་བརྩོན་བྱེད་ཁུལ་བྱེད་བཞིན་ཡོད་ཀྱང་། ཡུལ་དུས་དབང་གིས་ཚགས་ཚུད་གཏན་ནས་ཡོང་གི་མེད་པ་དེ་རེད།  ལྷག་དོན་ང་ཚོའི་སྤྱི་ཚོགས་ནང་ལ་མི་སྣ་རྒན་པ་འགའ་ཤས་དང་མཉམ་དུ་སྤྱིར་བཏང་གི་གཏམ་གླེང་བྱེད་སྐབས་བགྲེས་སོང་འགའ་ཤས་ཀྱི་བསམ་བློ་ནང་ལ་བོད་ཀྱི་སྐད་ཡིག་ཤེས་ཀྱང་ཕྱིའི་སྐད་ཡིག་རང་སྐྱ་འཕེལ་བ་ཤེས་ཀྱི་མེད་ཚེ་གང་ཡང་བྱེད་མི་ཐུབ་པའི་སྣང་ཚུལ་ཡོད་པ་ཙམ་དུ་མ་ཟད་དངོས་སུ་ལབ་མཁན་འདུག་ཅིང་། བོད་ཀྱི་སྐད་ཡིག་ཤེས་མ་ཤེས་དེ་འདྲ་ཞིག་རེད་སྙམ་པའི་བོད་མི་རིགས་ཀྱི་སྐད་ཡིག་ལ་སྣང་ཆུང་གཏོང་མཁན་ང་ཚོའི་སྤྱི་ཚོགས་ནང་ཉུང་ཉུང་ཞིག་གཏན་ནས་རེད་མི་འདུག དུས་རྒྱུན་ང་ཚོའི་བོད་རིགས་ན་གཞོན་རྣམས་ཀྱི་བོད་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་ཀྱི་མི་འདུག་ཅེས་ལབ་ཀྱི་ཡོད་ཀྱང་། དོན་དག་ཡང་སྙིང་བོད་མི་རིགས་ཀྱི་སྐད་ཡིག་ཉམས་ཆག་གཏོང་མཁན་ན་གཞོན་གཅིག་པུ་མ་ཡིན་པར་མི་སྣ་རྒན་པ་ཚོ་ཡང་རེད་འདུག་སྙམ་པའི་སེམས་ཚོར་ཆེན་པོ་བྱུང་།  རྒྱུ་མཚན་ནི་ཉེ་ལམ་དྷ་ས་ས་གནས་འགོ་འཛིན་འོས་འདེམས་བྱེད་ཕྱོགས་དང་འབྲེལ་བའི་ཕན་ཚུན་བགྲེས་སོང་ཞིག་དང་མཉམ་དུ་གཏམ་གླེང་འགའ་བྱེད་རྒྱུ་བྱུང་བས། བགྲེས་སོང་དེ་ནི་བོད་གསར་རྙིང་གཉིས་ཀ་བརྒྱུད་མྱོང་བའི་ཉམས་མྱོང་ཡག་པོ་ཡོད་པའི་མི་སྣ་ཞིག་ཡིན་དུས། མི་སྣ་དེ་རིགས་ཀྱི་སྐད་ཆ་ཉན་རྒྱུར་དགའ་པོ་ཡོད། འོན་ཀྱང་དེ་ཉིན་བགྲེས་སོང་དེས་དུས་རྒྱུན་ཁོ་པས་དེ་འདྲ་ཞིག་ལབ་ཀྱི་རེད་སྙམ་པའི་བསམ་པའི་ཡུལ་ལ་མེད་པ་ཞིག་བརྗོད་སོང་ལ། དེ་ནི་ངའི་བློ་ཡུལ་ལ་མི་འབབ་པའི་སྐད་ཆ་ཞིག་རེད།
ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་དྲག་པོའི་བཙན་འཛུལ་འོག་ཏུ་ཤོར་ཏེ་བོད་མི་བརྒྱ་ཕྲག་འགའ་ཤས་ལེ་བར་བརྒྱ་ཕྲག་བརྒལ་ཏེ་བཙན་བྱོལ་ལ་ཡོང་དགོས་བྱུང་ཡོད། དུས་སྐབས་དེར་མི་རབས་དེ་དག་ཕྱིའི་སྐད་ཡིག་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་ནའང་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་བསྐྱེད་དེ་འབད་བརྩོན་གནང་བའི་ད་ལྟ་བཙན་བྱོལ་བ་འདི་འཆར་གཞི་གོ་རིམ་ལྡན་པ་འདི་ཉིད་བསྐྲུན་ ཡོད། ད་ལྟ་ཕྱི་ནང་གི་སྐད་རིགས་ཤེས་མཁན་གྲངས་ལས་འདས་ནའང་སྔོན་ལས་ལྷག་ཅིག་ལས་དོན་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་འདུག་ལྟ་རྒྱུ་དེ་ཡང་གལ་ཆེན་པོ་རེད་སྙམ། གཙོ་བོ་སོ་སོའི་ལས་དོན་གང་ཞིག་གནང་ན་བྱེད་ཐུབ་པ་བྱེད་ཀྱི་ཡིན་སྙམ་པའི་སེམས་ཤུགས་ཞུམ་མེད་ཐོག་ནས་བྱས་པ་ཡིན་ན་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་མིན་སྐད་ཡིག་ག་ཚོད་ཤེས་ནའང་སེམས་ཤུགས་དང་ལྷག་བསམ་མེད་ན་བྱེད་མི་ཐུབ་པའི་དངོས་ཀྱི་གནས་སྟངས་ཤིག་རེད།  དེ་དག་ནི་ངས་ཕྱིའི་སྐད་ཡིག་སྦྱོང་རྒྱུ་ཡོད་མ་རེད་གཏན་ནས་ལབ་ཀྱི་མེད་ཅིང་། ཕྱིའི་སྐད་ཡིག་ག་ཚོད་ཤེས་ན་དེ་དག་ནི་ཕུན་སུམ་ཚོགས་པའི་རྒྱུ་ཡིན།  ངས་ལབ་དོན་གཙོ་བོ་ནི་སོ་སོའི་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་ནས་འཛིན་སྐྱོང་སྤེལ་གསུམ་གནང་རོགས་བྱོས་ཟེར་བའི་རེ་བསྐུལ་ཡིན་ལ། དེ་བཞིན་མི་རབས་རྒན་པ་ཚོས་ཀྱང་ན་ཆུང་རྣམས་ལ་སོ་སོའི་སྐད་ཡིག་རྩ་ཆེན་བཟུང་ནས་སྦྱང་བརྩོན་བྱེད་དགོས་པའི་བསླབ་བྱ་གནང་བ་ལས་བེད་སྤྱོད་ཡོད་མ་རེད་མདོག་མདོག་གི་མཐོང་ཆུང་གི་རྣམ་འགྱུར་མ་སྟོན་རོགས་ཟེར་བའི་རེ་སྐུལ་ཞིག་ཀྱང་ཡིན།

དེ་ནི་བགྲེས་སོང་དེས་དྷ་སའི་འགོ་འཛིན་བྱེད་པར་བོད་ཀྱི་སྐད་ཡིག་ཤེས་མ་ཤེས་ཁྱད་པར་ཡོད་མ་རེད། དེ་ལས་ཕྱིའི་སྐད་ཡིག་ཡག་པོ་ཤེས་མཁན་དགོས་པ་རེད་ཟེར་བཞིན་བོད་ཀྱི་སྐད་ཡིག་ལ་སྣང་ཆུང་བཏང་བའི་རྣམ་པའི་དེ་འདྲ་ཞིག་བཤད་བྱུང་བས། དེས་ང་རང་གི་སེམས་ནང་གྲང་ལྷང་ལྷང་བཟོས་སོང་ལ། ཨ་ཁ་བགྲེས་སོང་ཞིག་གི་བོད་ཀྱི་སྐད་ཡིག་ལ་ལྟ་སྟངས་འདི་འདྲ་ཞིག་འཛིན་གྱི་ཡོད་ན། གཞན་ན་གཞོན་རྣམས་ལ་ཐུགས་ཁག་མི་འདུག་སྙམ་པའི་ཚོར་སྣང་སྐྱུར་མོ་ཞིག་ཀྱང་རང་བཞིན་མེད་པར་སྐྱེས་བྱུང་། ད་ནི་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་ན། ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་རྩ་ལྟར་འདོར་ནས་དོནསྙིང་ལྡན་ལས་དོན་བྱེད་དགོས་པའི་དུས་ལ་འབབ་འདུག་སྙམ།  ལས་དོན་གནང་གི་མི་འདུག་གཏན་ནས་བརྗོད་ཀྱི་མེད་ལ།  ཕྱི་ནང་གི་གནོད་ཤུགས་གང་འདྲ་ཞིག་བྱུང་ནའང་འབྲེལ་ཡོད་མཛད་གཙོ་རྣམ་པའི་དཀོན་མཆོག་དཔང་བཙུགས་ཀྱི་ཁས་ལེན་དམ་འབུལ་མཛད་པ་བཞིན་ལས་དོན་གནང་སྐྱོང་ཡོང་བ་བཅས།
དྷ་ས་ནས་ཆབ་མདོ་ངག་དབང་ཕུན་ཚོགས་པས་ཕྱི་ལོ་2016/6/14ཉིན་མོར་ཕུལ།

Share this:
༡༠༨ ཀློག་གྲངས།