བོད་ཀྱི་བུད་མེད་གཉིས་ལ་རྐང་སྤོལ་སློབ་ཆོག་པའི་ལག་ཁྱེར་ཐོབ་འདུག

ཨ་རི་བ་ཁེ་སི་ཡིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་དང་བདེ་དོན་ཚོགས་པའི་རྩེད་མོ་བ་བོད་ཀྱི་ན་གཞོན་བུད་མེད་ལྷ་མོ་སྐྱིད་ལོ་༡༩ དང་འཇམ་དབྱངས་ཆོས་མཚོ་ལོ་༡༨ ཡིན་པ་གཉིས་ལ། ཉེ་བའི་ཆར་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་ལྷན་ཚོགས་ཀྱི་རིམ་པ་༤ པའི་རྐང་སྤོལ་སློབ་ཆོག་པའི་ལག་ཁྱེར་གྷོ་ཝ་རྐང་སྤོལ་རུ་ཁག་ནས་སྤྲད་འདུག

13480369_1193014897389044_333291670_nདེ་ཡང་འདི་ལོའི་ཟླ་༥ པའི་ནང་བུད་མེད་རྐང་སྤོལ་རུ་ཁག་དེ་ཉིད་རྒྱ་གར་གྷོ་ཝར་བུད་མེད་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་བྱས་ནས། ཨང་རིམ་གཉིས་པ་བླངས་ཡོད་པ་དང། གྷོ་ཝ་རྐང་སྤོལ་རུ་ཁག་གིས་བོད་ཀྱི་བུད་མེད་གཉིས་ལ་རྐང་སྤོལ་སློབ་ཁྲིད་ཆོག་པའི་ལག་ཁྱེར་ཐོབ་ཆེད་དུ་སྦྱོང་བརྡར་གྱི་གོ་སྐབས་སྤྲད་པའི་ནང་། བུད་མེད་གཉིས་དང་བོད་ཀྱི་བུད་མེད་རྐང་སྤོལ་དང་བདེ་དོན་ཚོགས་པའི་འགན་འཛིན་དང། བོད་རྒྱལ་ཡོངས་བུའི་རྐང་སྤོལ་རུ་ཁག་ཟུར་པ་མགོན་པོ་རྡོ་རྗེ་གསུམ་སྦྱོང་བརྡར་དེར་མཉམ་ཞུགས་བྱས་ནས། ཉེ་བའི་ཆར་སྦྱོང་བརྡར་ལེགས་གྲུབ་ཀྱི་ལག་ཁྱེར་ཐོབ་ཡོད་པ་རེད། བཙན་བྱོལ་ནང་བུད་མེད་ལ་རྐང་སྤོལ་སློབ་ཆོག་པའི་ལག་ཁྱེར་དེ་འདྲ་ཐོབ་པ་ཐེངས་དང་པོ་ཆགས་ཡོད་པ་དང། ཁོང་གཉིས་ཀ་བོད་ནས་ཡོང་བ་ཡིན་འདུག

ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ཨ་རི་བ་ཁེ་སི་ཡིས་བཏང་བའི་གསར་འགོད་གསལ་བསྒྲགས་ནང། ཚོགས་པ་དེས་མ་འོངས་པར་མུ་མཐུད་དུ་བུད་མེད་ལ་རྩེད་རིགས་ཀྱི་སློབ་ཚན་ལ་སློབ་ཡོན་སྤྲོད་འཆར་ཡོད་པ་དང། རུ་ཁག་དེས་རྩེད་མོ་བ་རྒན་པ་བཞི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་དུ། ལུས་རྩེད་ཀྱི་རབ་འབྱམས་པའི་འཛིན་གྲྭར་ཚུད་རྒྱུག་གཏོང་རྒྱུ་ཡིན་འདུག

ད་ལྟའི་ཆར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གཉིས་ཆགས་ནས་གླེང་རྙོག་བྱུང་ཡོད་པ་དང་། དེ་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང། ཨ་རི་བ་ཁེ་སི་ཡིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་དང་བདེ་དོན་ཚོགས་པ་གཉིས་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༥ ཀློག་གྲངས།