གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་རྒྱ་ནག་གི་ཉེན་རྟོག་པའི་གཅར་རྡུང་།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུའི་འབབ་ཚུགས་སུ་རྒྱ་ནག་གི་བདེ་སྲུང་ཉེན་རྟོག་པས་གཅར་རྡུང་དང་བཀག་བསྐྱིལ་བྱས་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག
IMG_4703དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦ ཚེས་༢༥མཚན་མོར། གློ་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་པེ་ཅིང་ནས་ཟི་ལིང་གི་གནམ་གྲུའི་འབབ་ཚུགས་སུ་འབྱོར་བ་དང་། འབབ་ཚིགས་ནས་ཁ་འབྲལ་སྐབས་ཅ་ལག་ཞིག་འབབ་ཚིགས་ཀྱི་ཅ་ལག་འཇོག་སར་ལུས་ཡོད་པ་ཕྱིར་ལེན་དུ་འགྲོ་དུས། འབབ་ཚིགས་ཀྱི་བདེ་སྲུང་ཉེན་རྟོག་པས་ལག་ལྕགས་ནས། ཟི་ལིང་གི་འདྲི་གཅོད་ཁང་དུ་ཁྲིད་ནས་འདྲི་གཅོད་བྱས་པ་དང། ཚེས་༢༦གི་ཞོགས་པར་གནམ་ཐང་གི་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པའི་ཉེས་འཛུགས་འོག ཟི་ལིང་ཉེ་འཁོར་གྱི་བཀག་བསྐྱིལ་ཁང་ཞིག་ལ་བཀག་ཉར་བྱས་ཡོད་འདུག
བཀག་ཉར་ཁང་དུ་ཉིན་གཉིས་ལ་འདྲི་རྩད་དང་གཅར་རྡུང་བྱས་པས་ད་ལྟ་སྨན་ཁང་དུ་ཉེན་རྟོག་པའི་ལྟ་རྟོག་འོག་ཡོད་པ་དང་། སྨན་ཁང་གིས་བརྟག་དཔྱད་བྱེད་སྐབས་ཁོང་གི་ལུས་སྟེང་དུ་རྨ་ཤུལ་ཚབས་ཆེན་དང་སྔོ་ཐིག་མང་དུ་ཡོད་འདུག

གཞན་ཡང་གནས་ཚུལ་སྤེལ་བ་ལྟར་ན། པདྨ་ཚེ་བརྟན་ལ་ལྷག་སོང་བའི་དངོས་པོ་ལེན་དུ་མ་བཅུག་པ་མ་ཟད། ཉེས་མེད་རྡུང་རྡེག་ཚ་ནན་དང་བཀག་བསྐྱིལ་བྱས་རྗེས། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ཡིན་པ་ཤེས་ཏེ། ཕྱིར་གློད་དེ་མིང་བརྟགས་བཀོད་དུ་བཅུག་སྐབས། པདྨ་ཚེ་བརྟན་གྱིས་མིང་རྟགས་མ་བཀོད་པར་མ་ཉེས་ཁ་གཡོགས་བྱས་པ་ཞུ་གཏུགས་བྱ་འཆར་ཡོད་པའི་གནས་ཚུལ་འདུག
རྒྱ་ནག་གློག་བརྙན་འཁྲབ་ཁྲིད་པ་མཐུན་ཚོགས་ནས་མཚོ་སྔོན་ཉེན་རྟོག་པས་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་ཅིའི་ཕྱིར་འཇུ་བཟུང་དང་གཅར་རྡུང་བཏང་བར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང། མཐུན་ཚོགས་ཀྱིས་རང་ཁོངས་ཚོགས་མིར་སྲུང་སྐྱོབ་བྱ་རྒྱུ་དེ་གཞི་རྩའི་འོས་འགན་ཡིན་པ་དང་། གནད་དོན་འདིའི་འབྱུང་རྐྱེན་དང་བརྒྱུད་རིམ་བཅས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས། འབྲེལ་ཡོད་ལས་ཁུངས་ནས་གནམ་ཐང་ཉེན་རྟོག་པས་དྲག་པོའི་བྱ་སྤྱོད་སྤེལ་བའི་རྒྱུ་མཚན་དང་། ཉེན་རྟོག་པས་ཁྲིམས་གཞི་ལག་བསྟར་བྱེད་སྐབས་དྲག་ཤུགས་དང་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་བའི་གནད་དོན་བྱུང་ཡོད་མེད་བཅས་ཀྱི་ཐད་ཡོངས་ཁྱབ་ཀྱི་བརྡ་ལན་ཞིག་སྤྲོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
པདྨ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ཞེས་པར་གཟེངས་རྟགས།

 

Share this:
༢༡༠ ཀློག་གྲངས།