བཙན་བྱོལ་ནང་གི་བོད་པའི་སྐད་ཡིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༡ ཕྱི་ལོ་ ༢༠༡༦/༦/༢༩
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཙམ་ཡོད་པ་དང་། དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ཞིག་ཏུ་ཁ་འཐོར་ནས་གནས་སྡོད་བྱས་ཡོད། སྔོན་མ་ཡིན་ན་བཙན་བྱོལ་བོད་མི་མང་ཤོས་རྒྱ་བལ་འབྲུག་གསུམ་ཁུལ་ཡིན་ནའང། ད་ལྟའི་ཆར་བྱང་ཨ་རི་དང། ཡུ་རོབ་སོགས་སུའང་བཙན་བྱོལ་བོད་མི་མང་པོ་ཞིག་སླེབས་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་གནས་སྡོད་བྱེད་སའི་ཁོར་ཡུག་གི་ངོས་ནས་གཞན་དབང་སྟབས་བསྟུན་གྱུར་ཡོད་སྟབས། དེའི་ཆ་ནས་བཤད་ན་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ཐོག་ནས་ཡག་པོ་བྱུང་ཡོད་ནའང། བོད་མི་རིགས་ཀྱི་ཛ་དྲག་གནས་སྟངས་དང། དེའི་ཁོར་ཡུག་ལ་གཞིགས་ནས་བལྟས་ན་ད་དུང་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ཐོག་ནས་མ་འདེང་པའི་ཆ་ཕྱོགས་གང་ཐད་ནས་ཧ་ཅང་མང་པོ་ཡོད། ནམ་ཞིག་བོད་པའི་སྐད་ཡིག་ཉམས་གུད་དུ་གྱུར་སོང་ན་བོད་མིའི་ཁྲག་རྒྱུན་ཙམ་གནས་ཀྱང་བོད་པའི་ཐུན་མོང་མ་ཡིན་པའི་ངོ་བོ་རྒྱུན་གནས་ཐུབ་པར་ཕན་ནུས་ཆེན་པོ་གང་ཡང་མེད་པར་གྱུར་ཟིན།
ཉེ་ཆར་བོད་ཀྱི་མཛངས་མའི་བོད་སྐད་ཀྱི་གནས་སྟངས་སྐྱོ་པོ་ཡིན་པ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཁྱབ་པ་དང་འབྲེལ། རྒྱ་དམར་དྲག་གཞུང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ཐོག་ནས་གནས་སྟངས་སྐྱོ་པོ་ཡིན་པ་བོད་པའི་མཛངས་མ་དཔེ་མཚོན་དུ་དྲངས་ནས་སྐྱོན་བརྗོད་དང། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའང་བོད་སྐད་གོ་རྟོགས་ཀྱི་ཐད་ནས་ཀྱང་སྐྱོ་པོ་ཡིན་ཚུལ་སྐྱོན་བརྗོད་བྱས་འདུག གནད་དོན་རེ་ཟུང་གི་ཐོག་ནས་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང། བོད་ཀྱི་རིག་གནས་ཀྱི་ཤེས་རྟོགས་ཐད་ནས་ཞན་ཆ་མེད་པ་མིན་ཡང། མིའི་ལུང་པར་སྐྱབས་བཅོལ་དུ་གྱུར་ཡོད་པ་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་ས་ཆ་གང་སར་ཁ་འཐོར་ནས་བསྡད་ཡོད་པའི་གནས་སྟངས་དེའི་ཐོག་ནས་བསམ་བློ་བཏང་ན་གོང་དུ་བརྗོད་པ་བཞིན། བོད་པའི་སྐད་ཡིག་ཤེས་རྟོགས་ཀྱི་གནས་སྟངས་ཐད་ནས་བལྟས་ནས་དེ་ཙམ་གྱི་སྐྱོ་པོ་ཞིག་གཏན་ནས་མིན།
བོད་པའི་སྐད་ཡིག་གི་གནས་སྟངས་ཐོག་ནས་རྒྱ་དམར་གཞུང་གིས་བཙན་བྱོལ་བོད་མིར་སྐྱོན་བརྗོད་བྱེད་པའི་གནས་སྟངས་འདིའི་ཐོག་ནས་བསམ་ན་རང་བཞིན་གྱིས་གད་མོ་ཤོར་ཡོང་བ་ཞིག་ཡིན་ལ། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནས་བོད་ཀྱི་རྒྱལ་ས་ལྷ་ས་དང། ཀོང་པོ། གཞིས་ཀ་རྩེ་དང། རྩེད་ཐང་སོགས་སུ་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པའི་བོད་པ་ཧ་ཅང་མང་པོ་ཡོད་པ་མ་ཟད། བོད་སྐད་ཅུང་ཙམ་ཤེས་ཀྱང་བོད་ཡིག་གི་གནས་སྟངས་ཐད་ནས་ཧ་ཅང་རྗེས་ལུས་ཡིན་པ་གསལ་པོར་གྱུར་ཡོད། གནས་སྟངས་འདིའི་ཐོག་ནས་བལྟས་ན་མི་ཐོག་གཅིག་ཙམ་ནས་གོང་གསལ་གྱི་ས་གནས་དེ་དག་རྒྱ་ཡུལ་རང་དུ་འགྱུར་ངེས་ལྟ་བུ་གྱུར་ཟིན། རྒྱ་གཞུང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་ཤ་ཚ་ཅུང་ཙམ་ཡོད་ན་དེ་དག་གི་ཐོག་ལ་དམིགས་བསལ་ལྟ་རྟོག་དང་མཐུན་འགྱུར་བྱེད་འདོད་མེད་ནའང། བཙན་དབང་གིས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ངན་པ་དེ་དག་ཕྱིར་འཐེན་ངེས་པར་དུ་བྱེད་རན་འདུག
བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོང་བྱུང་བ་ཕལ་མོ་ཆེར་བོད་ཀྱི་རིག་གནས་ཀྱི་ཤེས་ཡོན་མཐོན་པོ་ཡོད་མེད་གནས་སྟངས་སྣ་ཚོགས་ཡིན་ནའང། བཙན་བྱོལ་གཞུང་དང་གཞུང་ཁོངས་རང་སྐྱོང་སྡེ་ཚན་ཁག་གི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་མྱོང་མཁན་ཞིག་ཡིན་ན་བོད་ཡིག་མི་ཤེས་མཁན་ཞིག་མེད་པ་དང། བོད་སྐད་མི་ཤེས་མཁན་ཞིག་དེ་བས་ཀྱང་མེད། གནས་སྟངས་འདྲ་མིན་གྱི་དབང་གིས་བོད་པའི་སློབ་གྲྭ་འགྲིམ་མ་མྱོང་བ་ལོ་འདིའི་བོད་ཀྱི་མཛངས་མ་ལྟ་བུས་མཚོན་བོད་སྐད་ཀྱི་ཐོག་ནས་མིང་ཚིག་འདེང་མིན་གྱི་ཐོག་ནས་དཀའ་ངལ་ཡོད་མཁན་རེ་ཟུང་ཡོད་ནའང། ན་གཞོན་ཁྲོད་ཡིག་རྨོངས་པ་ཞིག་ཕལ་ཆེར་མེད་ཚོད་དུ་གྱུར་ཡོད། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་འོག ད་དུང་ནང་ན་གཞོན་ཡིག་རྨོངས་པའི་གནས་སྟངས་ནི་ཧ་ཅང་ཛ་དྲག་གི་གནས་སུ་གྱུར་ཡོད་པས། བོད་མི་རིགས་འདི་ཉིད་འཆི་གསོན་གྱི་འགག་འཕྲང་དོགས་པོ་ཞིག་ཏུ་བསྐྱལ་ཟིན། དེར་བརྟེན་བོད་ཀྱི་སྐད་ཡིག་ཐོག་ལ་བོད་ཕྱི་ནང་གཉིས་དོ་སྣང་ཆེན་པོ་བྱེད་རན་ཡོད།
མདོར་ན་བཙན་བྱོལ་བོད་པའི་སྐད་ཡིག་རྒྱུན་འཛིན་གྱི་གནས་སྟངས་ཐད་ནས་རྒྱ་དམར་གཞུང་ཡང་ཁྲེལ་དགོད་བྱེད་དགོས་བྱུང་བ་ནི། བཙན་བྱོལ་བོད་མིའི་ངོས་ནས་ངོ་གནོང་དགོས་པ་ཞིག་ཏུ་གྱུར་ཡོད་པ་དང། བོད་པ་རང་གི་ངོས་ནས་ཀྱང་བོད་པའི་སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ཐོག་ལ་སྔར་ལྷག་དོ་སྣང་ཆེན་པོ་མ་བྱས་ན། འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་ཕྲུག་མང་པོ་ཞིག་ལ་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་གི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང། དེའི་རྗེས་ཀྱི་མི་རབས་དེའི་སྐབས་སུ་བོད་ཡིག་ལྟ་ཅི་བོད་སྐད་ཙམ་ཡང་མི་ཤེས་པ་ཞིག་ཏུ་འགྱུར་ངེས་རེད། དེར་བརྟེན་བཙན་བྱོལ་བོད་མི་རྣམས་མིའི་ལུང་པར་སྐྱབས་བཅོལ་དུ་གནས་དགོས་བྱུང་ཡོད་པ་དང། བོད་ནང་དུ་རྒྱ་དམར་གཞུང་གི་དམ་དྲག་འོག་ཏུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད་སྟབས། བོད་མི་རང་ངོས་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཉག་གཅིག་ཏུ་གྱུར་པའི་སྐད་ཡིག་སྲུང་སྐྱོབ་ཆེད་ཤུགས་རྒྱག་དགོས་པ་ཧ་ཅང་གལ་ཆེ།།

Share this:
༦༣ ཀློག་གྲངས།