ཧོང་ཀོང་མི་མང་གི་མང་གཙོའི་ཞི་རྒོལ་ཆེན་མོ།

ཧོང་ཀོང་མི་མང་འབུམ་གཅིག་ལྷག་ཙམ་གྱིས། མང་གཙོ་དགོས་པའི་ཞི་རྒོལ་ཁྲོམ་སྐོར་བྱས་པ་དང། རྒྱ་གཞུང་ལ་སྐྱོན་བརྗོད་བྱས་པ་ཟད། ལས་འགུལ་བ་ཁག་ཅིག་གིས་ཧོང་ཀོང་ལ་རང་བཙན་དགོས་པའི་འབོད་ཚིགས་ཀྱང་བསྒྲགས་ཡོད་པ་རེད།

hongkong1དེ་ཡང་ཟླ་འདིའི་ཚེས་༡ ནི་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས། ལོ་ངོ་༡༩ འཁོར་བའི་ཉིན་མོ་ཡིན་པས། ལོ་ལྟར་ཉིན་དེར་མང་གཙོ་དགོས་པའི་ཁྲོམ་སྐོར་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིར་ལས་འགུལ་གོ་སྒྲིག་པས་མི་མང་འབུམ་གཅིག་དང་ཁྲི་གཅིག་མཉམ་ཞུགས་བྱས་ཡོད་ཚུལ་བརྗོད་འདུག་པ་དང། ཉེན་རྟོག་པས་མི་མང་སྟོང་ཕྲག་བཅུ་དགུ་དང་སུམ་བརྒྱ་མཉམ་ཞུགས་བྱས་ཡོད་ཚུལ་བརྗོད་འདུག

ལས་འགུལ་བ་ཚོས་དེ་སྔོན་རྒྱ་ནག་གིས་བཙན་ཁྲིད་ཐོག་བཀག་ཉར་བྱས་པའི་ཧོང་ཀོང་དེབ་ཚོང་མཁན་ལྔ་ལས། གློད་གྲོལ་བྱུང་བའི་སྐུ་ཞབས་ལཱམ་ཝིང་ཀི་ཡི་པར་འཁྱེར་ཡོད་པ་དང། ཧོང་ཀོང་གི་གཞུང་འཛིན་པ་(CY Leung) ལས་གནས་ལས་རྩ་དགོངས་ཞུ་དགོས་པའི་སྐད་འབོད་བྱས་འདུག དེ་ཡང་ཧོང་ཀོང་གི་དེབ་ཚོང་མཁན་ལྔ་བཙན་ཁྲིད་ཐོག་འཇུ་བཟུང་བཀག་ཉར་བྱས་ཡོད་པས། མི་མང་ནང་ཧོང་ཀོང་གི་མང་གཙོ་དང་རང་དབང་ལ་ཉེན་ཁ་མཐོང་བཞིན་ཡོད་ཁར། གཞུང་འཛིན་པས་ཧོང་ཀོང་གི་མང་གཅོའི་རང་དབང་ལ་སྲུང་སྐྱོབ་བྱེད་མ་ཐུབ་པར་ངོས་འཛིན་ཐོག ཁོ་ལ་སྐྱོན་བརྗོད་དང་རྩ་དགོངས་ཞུ་དགོས་སྐོར་བརྗོད་མཁན་མང་པོ་ཡོད་པ་རེད་འདུག དེ་བཞིན་ལས་འགུལ་བ་ཁ་ཤས་ཀྱིས་ཧོང་ཀོང་རྒྱ་ནག་ནས་རང་བཙན་ལེན་དགོས་པའི་འབོད་ཚིག་ཀྱང་བསྒྲགས་ཡོད་འདུག

hongkongཧོང་ཀོང་རང་བཙན་དོན་གཉེར་བ་ཚོས། ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གི་ཧོང་ཀོང་དང་འབྲེལ་མཐུད་ལས་ཁུངས་ཀྱི་མདུན་དུ་རང་བཙན་གྱི་ལས་འགུལ་ཞིག ལོགས་སུ་སྤེལ་འཆར་ཡོད་འདུག་པས། ཉེན་རྟོག་པ་བརྒྱ་ཕྲག་ཁ་ཤས་ཀྱིས་ལས་ཁུངས་དེ་སྲུང་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༡ ཀློག་གྲངས།