དགེ་འདུན་པ་བློ་བཟང་ཆོས་རྒྱན་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་ཞུགས་གནང་མྱོང་བའི་དགེ་འདུན་པ་བློ་བཟང་ཆོས་རྒྱན་༢༠༠༧ ལོར་རྒྱ་གར་ནས་བོད་ལ་ཕྱིར་ལོག་བྱས་པ་དང་། བོད་བལ་གཉིས་ཀྱི་ས་མཚམས་འགྲམ་དུ་འབྱོར་རྗེས་ཁོང་གར་སོང་ཆ་མེད་དུ་གྱུར་ཏེ་ད་ལྟ་ལོ་༩ དགུ་ཟིན་ཡོད་འདུག

lobsang_choegyenདེ་ཡང་ཟླ་འདིའི་ཚེས་༡ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། དགེ་འདུན་པ་བློ་བཟང་ཆོས་རྒྱན་ནི་བོད་མདོ་སྨད་རེབ་གོང་སྒོ་དམར་སྡེ་བ་ནས་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༠༠ ལོར་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ལོ་ཤས་རིང་སློབ་གཉེར་གནང་རྗེས། དགོན་པའི་ཉེ་འགྲམ་དུ་ཁང་པ་ཞིག་གླས་ནས་ཐང་བྲིས་ཀྱི་ལས་དོན་གཉེར་བ་དང། རྗེས་སུ་ཁོང་དྷ་རམ་ས་ལར་དུས་ཡུན་ཡང་བཞུགས་མྱོང་ཡོད་འདུག

༢༠༠༧ ལོའི་ཕྱི་ཟླ་༧ པའི་ཚེས་ ༢༠ ཡས་མས་སུ་བློ་བཟང་ཆོས་རྒྱན་བོད་དུ་ལོག་སྐབས། བོད་བལ་གཉིས་ཀྱི་ས་མཚམས་འགྲམ་དུ་འབྱོར་སྐབས་ཁོང་ནས་རང་གི་ནང་མིར་ཁ་པར་བཏང་ནས་ཁོང་ས་ཚིགས་དེར་འབྱོར་ཡོད་ཅེས་གསུངས་ཡོད་ཀྱང་། དུས་དེ་ནས་བཟུང་སྟེ་ཁོང་རང་གི་ཕ་ཡུལ་དུ་འབྱོར་མེད་པ་མ་ཟད། ད་བར་གར་ཡོད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ནས། ད་ལྟ་ལོ་ངོ་ ༩ འགྲོ་བཞིན་ཡོད་འདུག

ཁོང་གི་ནང་མི་སྤུན་མཆེད་རྣམས་ཀྱིས་རེབ་གོང་སྒོ་མར་སྡེ་བའི་རྒྱ་ནག་གི་ས་གནས་སྲིད་གཞུང་ལ་འབྲེལ་བ་བྱས་ཏེ། གྲྭ་བློ་བཟང་ཆོས་རྒྱན་ ཀྱི་གནས་ཚུལ་སྐོར་ཐེངས་མང་རྩད་གཅོད་ཀྱིས་བྱས་འདུག་ཀྱང་། གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་སྟབས། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ནས་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་ཕྱིན་ཏེ་ངོ་ཤེས་ཉེ་འབྲེལ་སོགས་ཀྱི་བརྒྱུད་ནས་རྩད་གཅོད་གནང་ཡང་ཁོང་ཤི་གསོན་གང་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

ད་ཆ་ལོ་ན་༨༠ ཡིན་པའི་ཁོང་གི་ཨ་མས་ཉིན་མཚན་གཉིས་སུ་ཁོང་གི་སྐོར་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པའི་ཁྲོད། ཕྱི་ཕྱོགས་སུ་ཡོད་པའི་ཁོང་གི་ངོ་ཤེས་པ་དང་གྲོགས་པོ་སོགས་ལ་ཁོང་གར་ཡོད་རྩད་གཅོད་བྱེད་ཐབས་དགོས་པའི་རེ་སྐུལ་ཡང་བྱས་ཡོད་འདུག དགེ་འདུན་པ་བློ་བཟང་ཆོས་རྒྱན་གྱི་སྐྱ་མིང་ལ་དགེ་འདུན་ཉི་མ་ཟེར་གྱི་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༠༥ ཀློག་གྲངས།