རྒྱ་ནག་ནང་མི་མང་སྟོང་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་བྱས་འདུག

རྒྱ་ནག་གི་ལྷོ་ཕྱོགས་ཀང་ཏུང་ཞིང་ཆེན་གྱི་ལུ་བུ་ས་གནས་ཀྱི་མི་མང་སྟོང་ཕྲག་ཁ་ཤས་ཀྱིས། ས་གནས་གཞུང་གི་བཟོ་གྲྭའི་གད་སྙིགས་སྲེག་ས་ཞིག་བཟོ་སྐྲུན་བྱེད་འཆར་ཡོད་པར་ངོ་རྒོལ་བྱས་འདུག

13595792_1201763779847489_23066874_nདེ་ཡང་ཟླ་འདིའི་ཚེས་༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལུ་བུ་ས་གནས་ཀྱི་གཞུང་གིས་ས་གནས་དེའི་ཆུ་བོ་ཞྭི་ཡི་ཉེ་འགྲམ་དུ། བཟོ་གྲྭའི་སྙིགས་རོ་མེར་སྲེག་བྱེད་ས་ཆེན་པོ་ཞིག་བཟོ་སྐྲུན་བྱེད་རྒྱུའི་ལས་འཆར་དེ། མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ནའང་། མི་མང་སྟོང་ཕྲག་མང་པོས་ལས་འཆར་དེ་གནས་སྐབས་རིང་ཕྱིར་འཐེན་ལས། རྗེས་སུ་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་པའི་དོགས་གཞིའི་འོག ས་གནས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་བྱས་ཡོད་འདུག

ངོ་རྒོལ་དངོས་སུ་མཐོང་མཁན་ཞིག་གིས་མི་མང་ཁྲི་གཅིག་ངོ་རྒོལ་ལ་མཉམ་ཞུགས་བྱས་ཡོད་པ་དང། མི་མང་མང་པོ་ཞིག་ས་གནས་ཀྱི་ལས་ཁུངས་ནང་དུ་འཛུལ་ཐབས་བྱས་ཡོད་འདུག་ཁར། ཉེན་རྟོག་པ་གསུམ་སྟོང་ལྷག་སླེབས་ནས། གདོང་ཐུག་སྐབས་མི་མང་གཉིས་ཀྱི་མགོ་ལ་རྨས་སྐྱོན་ཕོགས་པ་དང། ཉེན་རྟོག་པ་གཅིག་ལ་རྨས་སྐྱོན་དྲག་པོ་ཕོགས་ཡོད་སྐོར་བརྗོད་འདུག་ཀྱང། ས་གནས་ཀྱི་ལས་བྱེད་ཀྱིས་མི་མང་ངོ་རྒོལ་བ་མང་ཤོས་ཆིག་སྟོང་བཞི་བརྒྱ་སླེབས་ཡོད་པ་དང། ཉེན་རྟོག་པར་རྨས་སྐྱོན་ཕོགས་ཡོད་སྐོར་ལས། ག་ཚོད་དང་རྨས་སྐྱོན་ཆེ་ཆུང་སྐོར་ལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག དེ་བཞིན་ཁོ་ཚོས་རྙོག་གྲ་སློང་མཁན་གཙོ་བོ་མི་སྣ་༢༡ འཇུ་བཟུང་བྱས་ཟིན་སྐོར་བརྗོད་འདུག

ས་གནས་ཀྱི་གནས་སྡོད་བུད་མེད་ལིན་གྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཨེ་པེ་ལ། མི་མང་ལ་གནས་དེའི་མཁའ་རླུང་དང་ཆུ་སྦག་བཙོག་འགྱུར་བའི་སེམས་འཚབ་ཡོད་སྐོར་དང། ཆུ་བོ་དེ་ནི་ཁོང་ཚོའི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག ས་གནས་དེར་མི་མང་སྟོང་ཕྲག་བདུན་ཅུ་ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༠༣ ཀློག་གྲངས།