བོད་པ་ཚང་ལ། ༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད་དམ་མེད།

གཅིག་བྱས་ན་ང་རང་གི་བྲིས་པ་དེར་དེ་འདྲའི་ཚིག་གི་སྙན་ཆ་དང་དྲ་ཐོག་གི་སྤུན་ཟླ་དག་གི་ཡིད་དབང་འཕྲོག་པ་དེ་འདྲ་ཞིག་ཡོང་མེད་ངེས་ཡིན་སྲིད་ཀྱང་། དོན་དངོས་ཐོག་དེ་ནི་དངོས་ནས་འུ་ཅག་གིས་བོད་མི་རིགས་ལ་༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད་མེད་དེ་ཡིན། གལ་སྲིད་དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དངོས་ནས་དགོས་ཀྱི་ཡོད་ན། དགོས་འདུན་ཤུགས་ཆེན་པོ་གླེང་དགོས་པ་མ་ཟད། དེ་ལ་དངོས་ནས་ཐད་ཀར་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་འདི་ཚང་དངོས་སུ་སྐུ་འཚོ་གཞུགས་སྐབས་འདི་ལ་བོད་ཕྱི་ནང་གཉིས་ནས་འདོད་བློ་ཚིམས་ཐུབ་པའི་ཡང་སྲིད་བྱོན་སྟངས་སྐོར་ལ་ཐག་གཅོད་ཅིག་བྱེད་དགོས་ཀྱི་ཡོད།

དེ་ཡང་སྤྱི་འཐུས་ཀྱི་ཚོགས་ཐོག་ནས་གཏམ་བཤད་གཅིག་གཉིས་ཤིག་བྱས་དེ་མཇུག་བསྡུ་དགོས་པ་དེ་འདྲ་ཞིག་གཏན་ནས་མིན་པར། བོད་ཕྱི་ནང་གཉིས་ཀའི་བསམ་ཚུལ་ངོ་འཕྲོད་པ་ཞིག་བྱས་ནས། ད་གཟོད་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་སྐུ་ངོས་ཀྱི་སྐུ་ཕྲེང་བཅོ་ལྔ་བའི་སྐོར་ལ་བཞེད་ཚུལ་གང་ཡོད་པ་དེ་ཤེས་པར་བྱས་དེ། ༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་འདི་ཚང་བོད་ལ་དགོས་མིན་དེ་ནི་བོད་རང་གི་ཐག་གཅོད་བྱེད་པར་དབང་ཚད་ཆ་ཚང་བ་ཞིག་ཡོད་པར་ཡིག་ངག་གཉིས་ཀ་ནས་ཐག་གཅོད་ཚང་མ་ཞིག་གནང་དགོས།

དེ་མིན་ང་ཚོས་མིག་མཐོང་ལག་ཟིན་བཞིན་དུ། ང་ཚོས་མགོ་སྟེང་དུ་བན་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཀྱི་ཆག་སྒོ་དེ་ལྟར་ཡོང་བར་གདོན་མི་ཟ་བ་ཡིན། དེ་དག་མི་ཡོང་བའི་ཆེད་དུ། ད་ལྟ་ནས་འཛམ་གླིང་མི་མང་གི་གོ་ས་དང་རིག་ས་ནས། བོད་མི་རང་ལ་རང་གིས་བླ་མ་འདེམས་པའི་དབང་ཚད་ལས་རྒྱ་ནག་སྲིད་གཞུང་ལ་གཏན་ནས་མེད་པར་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་དབུ་ཁྲིད་འོག་ནས་ཆབ་བསྒྲགས་གཙང་མ་ཞིག་བྱེད་དགོས་ཀྱི་ཡོད་ལ། རྗེས་ཕྱོགས་ཆུ་ཡོང་གོང་གི་རག་ཟེར་བ་ལྟར། བོད་མི་ཡོངས་ཀྱིས་རང་ཉིད་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དགོས་མིན་ཐད་དུ་འགན་འཁུར་རན་ལ་སླེབས་འདུག་ཟེར་ནས་དྲ་ཐོག་གི་སྤུན་ཟླ་ཡོངས་བརྒྱུད་དེ་བོད་སྐྱེ་འགྲོ་གང་ན་སུ་ཡོད་པ་དག་གིས་འདིའི་སྐོར་ལ་རང་རང་མི་སྒེར་སོ་སོ་ནས་བཟུང་དེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དགོས་དང་མི་དགོས། ཡང་ན། རང་ཉིད་མི་སྒེར་བ་ཞིག་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་དགོས་དང་མི་དགོས་སོགས་སྐོར་ལ་མཛུབ་མོ་རང་ལ་གཏད་ནས་དྲི་བ་དྲིས་དེ། དྲི་ལན་དེ་ཡང་རང་གི་སེམས་ཁོང་རུས་པའི་སྟེང་ནས་དྲ་ཐོག་དུ་འཁུར་ཡོང་བ་དང་། ས་ཐོག་གི་བོད་རིགས་སྐྱེ་འགྲོ་ཡོངས་ཀྱི་དབུས་སུ་འཁུར་ནས་ཤོག

Share this:
༧༡ ཀློག་གྲངས།