༧རྒྱལ་དབང་ཀརྨ་པ་རུམ་ཐེག་དགོན་དུ་ཕེབས་བཅུག་དགོས་པའི་འབོད་སྐུལ།

སྒང་ཏོག་ཏུ་དད་ལྡན་མི་མང་སྟོང་ཕྲག་མང་པོས། ༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རུམ་ཐེག་དགོན་པར་ཆིབས་བསྒྱུར་སྐྱོང་འཇུག་དགོས་པའི་གོམ་བགྲོད་ལས་འགུལ་སྤེལ་བ་དང་། མི་༡༧ གྱིས་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

13625289_1205736429450224_176212925_nཟླ་འདིའི་ཚེས་༡༠ ཉིན་སྒང་ཏོག་ཏུ་ས་གནས་ཀྱི་ཡུལ་མི་གྲྭ་བཙུན་དང་མི་མང་། གྲོས་ཚོགས་མི་སྣ་ཁག་ཅིག དེ་བཞིན་མངའ་སྡེའི་བློན་ཆེན་ཟུར་པ་སོགས་མཉམ་ཞུགས་བྱས་ཏེ། རྒྱ་གར་དབུས་གཞུང་གིས་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག སྒང་ཏོག་རུམ་ཐེག་དགོན་པར་ཆིབས་བསྒྱུར་སྐྱོང་རྒྱུར་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཆེད་དུ་གོམ་བགྲོད་བྱས་འདུག་པ་དང་། དེ་བཞིན་སི་ཀེམ་བྷུ་ཊིཡ་ལེབ་ཆ་ཚོགས་པའི་ཚོགས་མི་ཚེ་བརྟན་བཀྲ་ཤིས་བྷུ་ཊིཡ་དང་དགེ་འདུན་པ་༡༦ གིས་སྒང་ཏོག་བོད་ཀྱི་ལམ་ཞེས་པ་དེར། ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་༧རྒྱལ་དབང་མཆོག་ཟླ་༨ པའི་ཚེས་༦ སྟེ་ཆོས་འཁོར་དུས་ཆེན་ཉིན་ཆིབས་བསྒྱུར་སྐྱོང་རྒྱུར་ཆོག་མཆན་དགོས་སྐོར་བརྗོད་འདུག

13646958_1205736452783555_174019015_oདེ་བཞིན་དེ་དང་འབྲེལ་བའི་གནས་ཚུལ་ཞིག་ལ། ཟླ་འདིའི་ཚེས་༦ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་གིས་བཏང་བའི་གཞུང་འབྲེལ་ཡི་གེ་ཞིག་ནང་། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ལ་ཆིབས་བསྒྱུར་བསྐྱངས་སྐབས། ཕེབས་བསུའི་གོ་སྒྲིག་བྱེད་མཁན་མི་ཞིག་ཀྱང་བསྐོ་བཞག་བྱས་འདུག་པ་དང་། ༧རྒྱལ་དབང་ཁོང་ལ་བློན་ཆེན་གནས་རིམ་གྱི་ཕེབས་བསུ་ཞུ་དགོས་སྐོར་འཁོད་འདུག་ཀྱང་། ད་བར་༧རྒྱལ་དབང་མཆོག་གི་ཡིག་ཚང་ལ་དེའི་སྐོར་རྒྱ་གར་གཞུང་ནས་བརྡ་ལན་གང་ཡང་འབྱོར་མེད་པ་རེད་འདུག

ཕྱི་ལོ་༢༠༡༥ པའི་ཟླ་༡༡ པའི་ཚེས་༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཆབ་བློན་ཆེན་པལ་ཝན་གྱིས་རྒྱ་གར་ནང་སྲིད་བློན་ཆེན་རཱཇེ་ན་ཋ་དང་མཇལ་འཕྲད་སྐབས། ༧རྒྱལ་དབང་ཀརྨ་པ་ཨུ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག འབྲས་ལྗོངས་སུ་ཕེབས་བཅུག་དགོས་པའི་འབོད་སྐུལ་ཞུས་སྐབས། ནང་སྲིད་བློན་ཆེན་གྱིས་རྒྱ་གར་ཁྲིམས་ཐོག་ནས་རྒྱལ་དབང་མཆོག་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་བྱུས་མེད་པས། མ་འོངས་པར་གནད་དོན་དེ་སེལ་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་རྡི་ལ་ཡང་དེའི་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༧ ཀློག་གྲངས།