༸གོང་ས་མཆོག་གིས་མཚོ་པདྨར་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་གནང་།

བོད་རྒྱལ་ལོ་༢༡༤༣ བོད་ཟླ་༥ ཚེས་༡༠ ཕྱི་ལོ་༢༠༡༦ ཟླ་༧ ཚེས་༡༤ ཉིན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་གཞུང་འབྲེལ་ལྷ་མི་ལྷན་འཛོམས་ཀྱི་མཛད་སྒོ་དེ་རྒྱ་གར་བྱང་ཕྱོགས། གནས་མཆོག་ཟ་ཧོར་མཚོ་པདྨར་རྟེན་གཞི་བྱས་པའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཚོགས་ཡོད་པ་རེད།

Tso
tibet.net

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་སྔ་དྲོ་ཆུ་ཚོད་ ༦ ཐོག་ སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཨོ་རྒྱན་ཧེ་རུ་ཀའི་དགོན་གྱི་སྤྲུལ་སྐུ། གནས་ཆུང་སྐུ་རྟེན་གྱིས་དབུས་པའི་སྐུ་རྟེན་གཞན་རྣམས། གནས་གྲྭའི་དགེ་བསྐོས་བཅས་ནས་སྤོས་སྣེས་སྔུན་བསུས་ཏེ། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རྒྱན་ཧེ་རུ་ཀའི་གཟིམ་ཆུང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། བྱང་གཏེར་ནང་སྒྲུབ་བླ་མ་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་ག་དབུ་ནས་ཚོགས་མཆོད་བར་གསུང་། དེ་ནས་མགོན་པོ་གང་ཉིད་ཀྱི་སྤྱན་སྔར་གནས་ཆུང་ཆོས་རྒྱལ་ཆེན་པོས་དབུས་ཆོས་སྐྱོང་རྣམས་ལྷན་དུ་སྤྱན་འདྲེན་ཞུས་རྗེས་ཆོས་སྐྱོང་རྣམས་རིམ་བཞིན་མཇལ་ཕྱག་ཞུས། དེ་ནས་མ་ཧཱ་གུ་རུའི་སྐུ་བརྙན་རིན་པོ་ཆེ་ཕེབས་བྱམས་ཐོག་ཟ་ཧོར་མཚོ་པདྨའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་གི་ཕྱི་རོལ་ཞབས་བསྐོར་དུ་རྒྱལ་མཚན་རུ་དར་གྱིས་སྣེ་དྲངས་ཏེ་ཆོས་སྐྱོང་རྣམས་གཙུག་ལག་ཁང་དུ་ཞབས་བསྐོར་ཕེབས་པ་དང་གུ་རུའི་སྐུ་བརྙན་རིན་པོ་ཆེ་མཚོ་བསྐོར་དུ་གདན་འདྲེན་ཞུས། དེ་ནས་༸གོང་ས་མཆོག་གིས་སྐུ་རྟེན་ཁག་དང་སྲིད་སྐྱོང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་དྲུང་། དེ་བཞིན་སྐུ་མགྲོན་རྣམས་ལ་མཇལ་ཕྱག་བསྩལ་རྗེས་མགོན་པོ་གང་ཉིད་གཟིམ་ཆུང་དུ་གདན་འདྲེན་ཞུས།

2016-07-14-TsoPema-G13-_OHH9877ཕྱེད་ཡོལ་ཆུ་ཚོད་ ༡༢།༡༠ ཐོག་ཨོ་རྒྱན་ཧེ་རུ་ཀའི་གཟིམ་ཆུང་ནས་གནས་མཆོག་ཟ་ཧོར་མཚོ་པདྨའི་འགྲམ་དུ་ཡོད་པའི་གསུང་ཆོས་ར་བར་ཆིབས་སྒྱུར་གྱིས་གནས་དེར་མི་མང་སྟོང་ཕྲག་མང་པོར་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་གནང་བའི་ཐོག་མར་ཆུ་ཚོད་གཅིག་རིང་བཀའ་དབང་གི་སྒྲུབ་ཞག་སྔོན་དུ་གནང་རྗེས་བཀའ་དབང་གི་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན། ༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཀྱི་སྔོན་འགྲོའི་གསུང་ཆོས་སྐབས་བཀའ་སློབ་ཕེབས་དོན། ཐུགས་རྗེ་ཆེན་པོས་བསྐལ་པ་ནས་བསྐལ་པ་ལན་གྲངས་དུ་མར་བསྒོམས་པའི་ལག་རྗེས་སངས་རྒྱས་ཀྱི་གོ་འཕང་སྔོན་དུ་མཛད་པའི་དགོས་དོན་ནི་གཞན་དོན་བསྒྲུབ་རྒྱུ་རེད། གཞན་དོན་བསྒྲུབ་རྒྱུ་ནི་སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། སེམས་ཅན་རང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བཟང་ངན་ལ་བརྟེན་ནས་བདེ་སྡུག་ཡོང་བཞིན་པ་འདི་གསུང་གི་ཡོད། དེ་ལྟ་བུའི་བདེ་སྡུག་ཡོང་རྒྱུའི་རྒྱུ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཡོང་རྒྱུའི་གཞི་མ་ལྟ་བུ་ལུས་ངག་ཡིད་གསུམ་ཟེར་རྒྱུ་ནི་ལུས་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ། ངག་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ། ཡིད་ལའང་ཡིད་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་བཅས་གསུང་རྒྱུ་འདུག ལུས་རགས་པའི་སྒོ་ནས་བཤད་པ་ཡིན་ན། ཐོག་མ་དང་མཐའ་མ་ཞེས་བཤད་རྒྱུ་ཡོད།

ལུས་སེམས་ཕྲ་མོའི་སྒོ་ནས་བཤད་པ་ཡིན་ན། ཐོག་མ་དང་མཐའ་མེད་ཟེར་རྒྱུ་རེད། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐོག་ནས་བདེ་སྡུག་ཡོང་རྒྱུ་ཡིན་པ་རེད། དེར་བརྟེན་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་གང་འདྲ་ཡོང་དང་མི་ཡོང་ཟེར་རྒྱུའི་རྩ་བ་ཡིད་ཀྱི་ཀུན་སློང་ཐོག་ནས་ཁྱད་པར་ཡོང་གི་ཡོད་སྟབས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། གསུང་གི་འདུག གང་ལྟར་སེམས་དུལ་ན། ལུས་ངག་གི་སྤྱོད་པ་དེ་དག་ཕན་པའི་རང་བཞིན་ལས། གནོད་པའི་རང་བཞིན་ནི་ཡོང་གི་མེད། དེར་བརྟེན་སེམས་དུལ་མ་དུལ་གྱི་ཐོག་ནས་ལུས་ངག་གི་སྤྱོད་པ་དུལ་མ་དུལ་ཟེར་ན་འདྲ། ཕན་པའི་རང་བཞིན་གྱི་སྤྱོད་པ་ཡོང་གི་ཡོད་དང་གནོད་པའི་རང་བཞིན་གྱི་སྤྱོད་པ་ཡོང་གི་ཡོད་ཟེར་རྒྱུ་འདི་གཙོ་བོ་གཞན་ལ་ཕན་པའི་རང་བཞིན་ཅན་གྱིས་ལུས་དང་ངག་གི་སྤྱོད་པ་དེ་དག་དགེ་བའི་ལས་ཆགས་ཀྱི་ཡོད། གཞན་ལ་གནོད་པའི་རང་བཞིན་གྱིས་ལུས་ངག་གི་སྤྱོད་པ་དེ་དག་སྡིག་པའི་རང་བཞིན་ཆགས་ཀྱི་ཡོད། དེར་བརྟེན་བདེ་སྡུག་ཟེར་རྒྱུ་ནི་ཕྱི་ལ་མཛུབ་མོ་འཛུགས་རྒྱུ་ཞིག་མེད། དཔེར་ན། ང་རང་ཚོར་གློ་བུར་དུ་རྒྱུ་དངོས་པོ་ཡག་པོ་ཡོད་པ་ཡིན་ན། བདེ་སྐྱིད་ཡོང་གི་རེད་བསམ་པ་དྲན་བཞིན་ཡོད། ལུས་པ་བདེ་པོ་ཡོད་ན། བདེ་སྐྱིད་ཡོང་གི་རེད་དྲན་བཞིན་ཡོད། གཙོ་བོ་ཡིད་ལུས་ཀྱི་སྒང་ནས་སྐྱིད་མ་སྐྱིད་ཀྱི་ཧ་ཅང་ཁྱད་པར་འདུག གང་ལྟར་སེམས་དུལ་མ་དུལ་གྱི་ཐོག་ནས་བདེ་སྡུག་ཡོང་གི་ཡོད་སྟབས་སེམས་དུལ་ཐབས་བྱེད་རྒྱུ་འདི་སངས་རྒྱས་ཀྱིས་གསུང་གི་ཡོད་ཅེས་སོགས་དང་དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དང་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་བསྩལ་གྲུབ་རྗེས་བྱང་གཏེར་རིག་འཛིན་གདུང་སྒྲུབ་གྱི་བཀའ་དབང་བཀའ་དྲིན་ཆེ་བ་བསྩལ།

Tso4ཐེངས་འདིའི་བཀའ་ཆོས་ཞུ་བར་གྭར་ཞ་དང་སྤྱི་ཏི། ཁུ་ནུ། མ་ནཱ་ལི་དང་སྦིར། ཅོན་ཊ་ར་སོགས་ནས་ཆོས་ཞུར་མི་མང་ཁྱོན་མི་གྲངས་སྟོང་ཕྲག་ཁ་ཤས་བཅར་ཡོད་པ་དང་། ཕྱི་ཚེས་༡༢ དང་༡༣ བཅས་ཉིན་གྲངས་གཉིས་རིང་ཆོས་འབྲེལ་སྐབས་ཕྱི་དྲིལ་འགྲེམས་སྤེལ་ཚན་པས་མང་ཚོགས་ལ་ཕྱི་དྲིལ་ལས་ཁུངས་ནས་པར་འགྲེམས་གནང་བའི་དཔེ་དེབ་དང་། དབུ་མའི་ལམ་གྱི་སྐོར་འོད་སྡེར་རིན་མེད་ཐོག་འགྲེམས་སྤེལ་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༦༠ ཀློག་གྲངས།