རྒྱ་གར་གྱི་སྐད་ཐོག་ནས་འཁྲབ་པའི་༧གོང་ས་མཆོག་སྐྱབས་བཅོལ་ལ་ཕེབས་སྐོར་གྱི་གློག་བརྙན།

ཟླ་འདིའི་ཚེས་༡༥ དགོང་མོ་རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་ཁག་ཅིག་གི་སྣེ་ཁྲིད་འོག་འཁྲབ་པའི་༧གོང་ས་མཆོག་སྐྱབས་བཅོལ་ལ་ཕེབས་པའི་སྐོར་གྱི་གློག་བརྙན་དེ་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ Epic ཐོག་ལེ་ཚན་གཅིག་བསྟན་ཡོད་པ་དང་། དེ་ནི་རྒྱ་གར་གྱི་སྐད་ཐོག་ནས་༧གོང་ས་མཆོག་བཙན་བྱོལ་ལ་ཕེབས་སྐོར་འཁྲབ་པ་དང་པོ་དེ་ཡིན་པ་རེད།
d7878f0c-a2e6-4760-9337-dd1d1e99cfaaས་གནས་གཙོ་བོ་རྒྱ་གར་བྱང་ཕྱོགས་པི་ཏི་ཁུལ་དུ་འཁྲབ་ཡོད་པ་དང་། འཁྲབ་ཁྲིད་པ་རྒྱ་གར་གྱི་རཱང་རཱེ་གློག་བརྙན་བཟོ་སྐྲུན་( Rangrez films) ཁང་གིས་འཁྲབ་ཡོད་པ་རེད། འཁྲབ་སྟོན་དེའི་འབྲེལ་མཐུད་པ་དང་འཁྲབ་སྒྲུང་འདེམས་སྒྲིག་པ་གཙོ་བོ་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཡིན་པ་དང་། འཁྲབ་སྟོན་མི་སྣའི་ནང་༧གོང་ས་མཆོག་འཁྲབ་མཁན་བོད་པའི་གློག་བརྙན་འཁྲབ་མྱོང་མཁན་བསྟན་འཛིན་དགྲ་ལྷ་དང་། མི་སྣ་གཙོ་བོ་འཁྲབ་མཁན་སྤྱི་འཐུས་བློ་བཟང་ཡེ་ཤེས། འཆི་མེད་གཡུང་དྲུང། ལྷག་པ་ཚེ་རིང་སོགས་བོད་མི་ཡང་མང་པོ་ཡོད་པ་རེད།
གློག་བརྙན་དེའི་ནང་༧གོང་ས་མཆོག་ངོས་འཛིན་སྐོར་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐོར། དེ་རྗེས་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པའི་སྐོར་སོགས་རེད་ལ། གློག་བརྙན་གྱི་མགོ་རུ་༧གོང་ས་མཆོག་དང་མངའ་རིའི་རིན་པོ་ཆེ་གཉིས་ཀྱིས་སྐྱབས་བཅོལ་ལ་ཕེབས་པ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་ཐུང་ངུ་ཞིག་ཀྱང་གནང་ཡོད་པ་རེད།
རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་མིའི་གནས་སྟངས་རྒྱ་གར་མི་མང་ནང་དུ་གསལ་པོ་མི་ཤེས་མཁན་ཧ་ཅང་མང་པོ་ཡོད་པས། རྒྱ་གར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་སྟོན་ཐུབ་པ་དེས་ཕན་ཐོགས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ལེ་ཚན་གཉིས་པ་དེ་ཕྱི་ཟླ་༧ ཚེས་༢༢ ཀྱི་དགོང་མོ་ཆུ་ཚོད་༡༠ ཐོག་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ Epic ཐོག་སྟོན་གྱི་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༨༠ ཀློག་གྲངས།