ཏུར་ཀིའི་སྲིད་དབང་བཙན་འཕྲོག་བྱེད་ཐབས་དང་འབྲེལ་ནས་མི་༦༠༠༠ ལྷག་འཛིན་བཟུང་།

ཡུ་རོབ་ཏུར་ཀིའི་མང་གཙོའི་སྲིད་གཞུང་གི་དབང་ཆ་བཙན་འཕྲོག་བྱེད་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད་པས། ད་ལྟའི་ཆར་གནས་ཚུལ་དེ་དང་འབྲེལ་ནས་དམག་དཔོན་དང་དམག་མི། ཁྲིམས་དཔོན་དང་གཞུང་གི་ལས་བྱེད་སོགས་བརྩིས་པའི་མི་༦༠༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག
13714277_1210357685654765_347674661_nཟླ་འདིའི་ཚེས་༡༥ དགོང་མོར་ཏུར་ཀིའི་དམག་གི་སྒྲིག་འཛུགས་ཀྱི་ཤོག་ཁག་ཅིག་གིས། རྒྱལ་ས་ཨེ་སི་ཊན་བྷོལ་གྱི་ལམ་ཀ་རྣམས་བཀག་པ། དེ་བཞིན་བརྙན་འཕྲིན་བརྒྱུད་ལམ་ཁག་བཙན་བཟུང་བྱས་ནས་ཏུར་ཀིའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་ཟིན་སྐོར་གསལ་བསྒྲགས་བྱས་ནས། མི་རྣམས་ཕྱི་ལ་འདོན་མི་ཆོག་སྐོར་བཤད་ཡོད་པ་རེད། སྲིད་འཛིན་དང་གྲོས་ཚོགས་ཀྱི་ལས་ཁུངས་ལ་མེ་མདའ་བརྒྱབ་སོགས་བྱས་ཡོད་ཀྱང་། དམག་གི་སྒྲིག་འཛུགས་ཀྱི་ཤོག་ཁག་གཞན་རྣམས་དང་མི་མང་གི་རྒྱབ་སྐྱོར་མེད་པར་བརྟེན། སྲིད་དབང་བཙན་འཕྲོག་གི་ལས་འགུལ་དེ་ལམ་ལྷོངས་བྱུང་མེད་པ་མ་ཟད། དེ་དང་འབྲེལ་བའི་དཔོན་རིགས་མཐོ་གྲས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད་འདུག
ཟླ་འདིའི་ཚེས་༡༥ ནས་༡༦ བར་ལ་སྲིད་དབང་བཙན་འཕྲོག་གི་ཤོག་ཁག་དང་ཏུར་ཀི་སྲིད་གཞུང་གི་རྒྱབ་སྐྱོར་བའི་བར་ལ་གདོང་ཐུག་བྱུང་ནས། མི་༢༩༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཚེས་༡༦ ཉིན་ནས་སྲིད་དབང་བཙན་འཕྲོག་ཤོག་ཁག་གི་དམག་མི་རྣམས་ཀྱིས་མགོ་བཏགས་བྱས་ཡོད་འདུག དེ་རྗེས་དམག་མི་དང་དམག་དཔོན། ཁྲིམས་དཔོན་སོགས་མི་མང་པོ་འཇུ་བཟུང་བྱས་རྗེས། ཏུར་ཀི་སྲིད་འཛིན་ཨེ་ར་གྷོན་གྱིས་ཏུར་ཀིའི་ཁྲིམས་ནང་སྲོག་ཐོག་གི་ཁྲིམས་ཆད་དེ་སླར་གསོ་བྱེད་སྲིད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཨ་རིར་སྐྱབས་བཅོལ་དུ་ཡོད་པའི་ཆོས་དཔོན་གྷུ་ལན་གྱིས་སྲིད་དབང་བཙན་འཕྲོག་གི་ལས་འགུལ་དེ་བརྒྱུད་སྐུལ་བྱས་ཡོད་པས། ཨ་རིས་ཁོ་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་འདུག་ཀྱང་། ཆོས་དཔོན་གྷུ་ལན་གྱིས་ཉེས་འཛུགས་དེར་ངོས་ལེན་བྱས་མེད་ཁར། ཨ་རིས་ཉེས་འཛུགས་དེར་དཔང་རྟགས་ཡོད་ན་མ་གཏོགས་མི་རྩིས་སྤྲོད་བྱེད་ཐབས་མེད་སྐོར་ལན་འདེབས་བྱས་འདུག དེ་བཞིན་ཏུར་ཀིའི་བློན་ཆེན་ཞིག་གིས་ལས་འགུལ་དེའི་རྒྱབ་ལ་ཨ་རིའི་ལག་པ་ཡོད་སྐོར་ཉེས་འཛུགས་བྱས་ཡོད་ནའང་། ཨ་རིས་དེ་ལ་ཁས་ལེན་བྱས་མི་འདུག
ཏུར་ཀིའི་ལོ་རྒྱུས་ནང་དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་བཙན་འཕྲོག་བྱས་པའི་གནས་ཚུལ་ད་ཐེངས་རྩིས་པའི་ཐེངས་༥ བྱུང་འདུག་པ་དང་། ཐེངས་འདིར་མི་མང་ཕོན་ཆེན་དང་ཁ་གཏད་ཆབ་སྲིད་ཚོགས་པས་ཀྱང་། དམག་གི་སྒྲིག་འཛུགས་ཤོག་ཁག་གི་བྱེད་ལས་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཁྲིམས་ཆད་དྲག་པོ་གཏོང་དགོས་སྐོར་གྱི་སྐད་འབོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༤ ཀློག་གྲངས།