ཀརྨའི་སྒར་བྲིས་དང་ཀར་ཤོད་མ་གཉིས་གཅིག་ཏུ་འདོད་མཁན་ཚོར་གསལ་བཤད་ཐུང་ངུ༌།

༄༅། །ཀརྨའི་སྒར་བྲིས་དང་ཀར་ཤོད་མ་གཉིས་དོན་གཅིག་ཏུ་འདོད་པ་ནི་ཆེས་ནོར་ཏེ། ཀརྨའི་སྒར་བྲིས་ནི་བོད་ཀྱི་ཐུན་མིན་གྱི་རི་མོའི་འབྲི་སྲོལ་ཆེན་པོ་ལྔ་ལས་ཆེས་སྐད་གྲགས་ཆེ་བའི་འབྲི་རྒྱུན་ཞིག་སྟེ། འདིའི་སྲོལ་ཐོག་མར་དར་སྤེལ་མཛད་མཁན་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་སྐྱོད་རྡོ་རྗེའི་སློབ་མ་ཡར་སྟོན་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཡིན་པར་གསུངས་པ་དང༌། འདིའི་འབྲི་རྒྱུན་ནི་ཆབ་མདོ་རྫ་སྟོད་ཀརྨ་ཆུ་ཉིན་སྲིབ་གཙོ་བོར་གྱུར་པའི་བོད་མདོ་དབུས་ཁམས་གསུམ་གྱི་བཀའ་བརྒྱུད་པའི་དགོན་པ་མི་ཉུང་བ་ཞིག་ཏུ་རི་མོ་འདི་དར་ཁྱབ་བྱུང་ཡོད། ཀར་ཤོད་མ་ནི་རི་མོ་འདི་དར་ཁྱབ་ཆེ་བའི་ལུང་པ་བྱེ་བྲག་པ་ཞིག་གི་མིང་ལས་ཀར་མའི་སྒར་བྲིས་དང་དོན་གཅིག་ཐབས་རྩ་བ་ནས་མེད། དེ་ཡང་ཀར་ཤོད་ཅེས་པ་ཆབ་མདོ་རྫ་སྟོད་རྫ་ཆུའི་གཡས་ཕྱོགས། ཀརྨ་དགོན་གྱི་ཤོད་དུ་གནས་པའི་གྲོང་སྡེ་དག་གི་སྤྱི་མིང་ལྟ་བུ་སྟེ། དེང་སང་ཆབ་མདོ་རྫོང་ཁོངས་ཀརྨ་ཤང༌། ཞེས་གྲགས་པ་དེའི་ཁྱབ་ཁོངས་ཀྱི་གྲོང་ཚོ་ཟླ་ནག འབེ་ལ་ཉག་གསུམ། སྡོང་གྲོང༌། པེས་རོ། གླིས་ཐོག མདུན་སྐྱོད། དབག་ཕྱི། སྣོན་ཡབ། སྲིབ་གནས། ༼འདི་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་སྐུ་འཁྲུངས་སའི་གྲོང་ཚོ།༽ སྐྱོ་ནོན། གདས་མདའ་བཅས་གྲོང་ཚོ་འདི་དག་ལ་སྤྱི་མིང་དུ་ཀརྨ་རུ་བའམ། ཀར་ཤོད་མ་ཞེས་འབོད་ཀྱི་ཡོད། གྲོང་སྡེ་འདི་དག་དེང་སྐབས་ཡང་བརྒྱ་ཆའི་དགུ་བཅུ་ཙམ་ལྷ་བྲིས་ཡིན་ཞིང་དེ་ཡང་ཀརྨའི་སྒར་བྲིས་ཀྱི་འབྲི་རྒྱུན་མ་ཉམས་པར་གནས་ཡོད།
རྒྱ་ཚན།
གྲོང་སྡེ་འདི་ནི་ཆབ་མདོ་རྫ་སྟོད་རྫ་ཆུའི་གཡོན་ཕྱོགས་སུ་ཆགས་ཡོད་ལ། འཇམ་མགོན་མཚན་སྤྲུལ་རིན་པོ་ཆེ་འཇམ་དཔལ་ནོར་བུ་པདྨ་དབང་མཆོག་རྒྱལ་པོའི་གདན་ས་མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་དང་ཐག་ཉེ་བའི་ལྷོ་ཕྱོགས། འདི་ནས་ཀར་ཤོད་ཀྱི་གྲོང་སྡེ་རྣམས་རྫ་ཆུས་བཅད་པ་ལས་ཕན་ཚུན་མཐོང་ལམ་དུ་གྱུར་ཡོད། སྤྱིར་ན་ཆབ་མདོ་རྫ་སྟོད་ཀྱི་ལུང་པ་ནི་བྲིས་འབུར་གཉིས་ཀའི་ལྷ་བཟོའི་ལྟེ་བ་ལྟ་བུར་ཆགས་ཏེ། རྫ་ཆུའི་གཡས་ཕྱོགས་སུ་ཆགས་པའི་ཀར་ཤོད་མའམ། ཀརྨ་རུ་བ་ནི་བྲིས་འབུར་གཉིས་ལས་གཙོ་བོ་འབྲི་བ་དང༌། རྫ་ཆུའི་གཡོན་ཕྱོགས་སུ་ཆགས་པའི་ཆབ་མདོ་ལྷ་བཟོ་ཞེས་གྲགས་པའི་རྒྱ་ཚན་གྲོང་སྡེ་ནས་མར་དེད་པའི་གྲོང་ཚོ་བཅུ་ཕྲག་ལྷག་གིས་འབུར་ལུགས་ཀྱིས་ལྷ་སྐུ་བཞེངས་སྲོལ་ད་ལྟའང་མ་ཉམས་པར་གནས་ཡོད། སྔ་མོའི་གྲོང་སྡེ་འདིའི་ལྷ་བཟོས་བཞེངས་པ་ད་ལྟ་བྲིས་འབུར་གྱི་ལམ་དུ་ཡོད་པ་དག་ལ་དེང་སྐབས་བོད་རང་སྐྱོང་ལྗོངས་མན་ཆད་ནས་བལྟ་སྐོར་དུ་ཡོང་སྟེ་པར་ལེན་པ་སོགས་ཐེངས་མང་བྱས་ཏེ་གྲོང་སྡེ་འདིའི་ལྷ་སྐུ་དག་ནི་བཟོ་བོའི་སྒྱུ་རྩལ་གྱི་རྩེ་གྲས་སུ་བཞག་ཡོད།
ཁམས་སྤྲུལ་སྐུ་ཕྲེང་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་ཞལ་སློབ་རྒྱ་ཚན་བླ་མ་ངག་དབང་མཐར་ཕྱིན་ཞེས་ཡང་ཡང་ཁོང་གི་གསུང་རྩོམ་ཁག་གི་མཛད་བྱང་དུ་འཁོད་པ་དེ་ཉིད་ཀྱི་འཁྲུངས་གཞིས་ཀྱང་གྲོང་སྡེ་འདི་ཉིད་ཡིན། ད་ལྟ་གྲོང་སྡེ་འདིར་དུས་ཚང་ལྔ་བཅུ་ཙམ་ཡོད་ལ་ཚང་མ་ལྷ་བཟོའི་ལས་ཀ་གཉེར་མཁན་ཡིན། གྲོང་སྡེ་འདི་ནི་གཡས་གཡོན་གྱི་གྲོང་སྡེ་གཞན་ལས་འབྱོར་པ་བཟང་གྲས་སུ་སྔ་མོ་ནས་བརྩི་སྲོལ་འདུག་པ་དེ་ནི་བཟོ་བོའི་སྒྱུ་སྩལ་གཅིག་པུར་མིན་པ་ས་དཔྱད་ཕུན་སུམ་ཚོགས་པ་ཡོད་པས་ཡིན་ཚུལ་མཚན་སྤྲུལ་འཇམ་དཔལ་ནོར་བུའི་ཞལ་ནས་ཡང་ཡང་གསུངས་པ། རྒྱ་ཚན་འདི་གྲོང་སྡེ་གཞན་ལས་འབྱོར་པ་བཟང་བ་ནི་རྒྱབ་རི་འདིར་དབང་ཕྱུག་དང་ཨུ་མའི་རྟེན་བཟང་པོ་ཡོད་པ་འདིས་རེད། གྲོང་སྡེ་འདིར་དབང་ཕྱུག་སྒྲུབ་མཁན་ཡོད་ན་གཏོར་མ་སོགས་གང་ཡང་མེད་ཀྱང་འགྲིག་གི་རེད། ཅེས་གསུང་མྱོང་ཞེས་རྒན་རབས་རྣམས་ཀྱི་ངག་ལས་ཐོས། དེ་ཡང་གྲོང་སྡེ་འདིའི་ཕུར་ལྷ་དབང་ཕྱུག་གི་རྟེན་རྫ་རི་ཆེན་པོ་ཞིག་ཕོ་རྟགས་ཀྱི་གཟུགས་སུ་གསལ་བར་གྲུབ་པས་དེའི་ཞོལ་ནས་མི་སྲིང་ཚོ་ལྷན་དུ་འགྲོ་མི་ནུས་པ་ལྟ་བུ་ཡོད། དེའི་ཐད་དེ་ག་རང་དུ་བྲག་ངོས་སུ་ཕུག་པ་མོ་མཚན་གྱི་དབྱིབས་ཅན་ལས་ཚལ་དམར་པོ་རྒྱུན་ཆད་མེད་པར་འབབ་ཀྱི་ཡོད་པ་དེ་ནི་ཨུ་མའི་རྟེན་དུ་བརྩི་སྲོལ་ཡོད། རྟེན་དེ་གཉིས་ཀྱི་བར་ནས་ཆུ་ཕྲན་ཞིག་འབབ་ཀྱི་ཡོད་པ་ནི་གྲོང་སྡེ་འདིའི་འཐུང་ཆུ་དེ་ཡིན།
ཚེ་ནེ།
གྲོང་སྡེ་འདི་ནི་མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་གི་བྱང་ཕྱོགས་སུ་ཡོད་ལ་འདིར་སྔ་མ་ལྷ་བཟོ་ཡོད་པའི་ལོ་རྒྱུས་གུས་པས་ཐོས་མྱོང་མེད། འོན་ཀྱང་དེང་སྐབས་ནི་ལྷ་བཟོ་དེ་འདྲ་མེད་ལ་ཚང་མ་ཟོག་ལུག་འཚོ་སྐྱོང་གིས་འཚོ་བ་སྐྱེལ་བཞིན་ཡོད། ས་ཆ་འདི་ནི་ཆེས་ནགས་ཀླུང་སྟུག་པོ་དང་གཅན་གཟན་མང་པོ་ཡོད་ས་ཞིག་ཡིན། དེ་ཡང་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནས། མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་ཕྱག་འདེབས་སྐབས་ཤིང་ཆ་འོར་འདྲེན་བྱེད་ས་ཡང་ལུང་པ་འདི་ཉིད་ཡིན་པ། རྗེ་ཉིད་ཀྱི་རང་རྣམ་༼རང་ཚུལ་ལྷུག་པོར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ༽ཟླ་འོད་གཞོན་ནུ་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༠༧ ལོར་དཔར་བསྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༣༦༧ ཡིག་ཕྲེང་གསུམ་པར། ཁང་ཤིང་སོགས་ཕྲ་སྦོམ་སྙོམས་པའི་རྒྱུ་ལེགས་བསེས་ཐུས་ཀྱིས་རྫ་ཆུ་རྒྱུད་ཚེ་ནེ་མདའ་ཡས་མས་ནས་འཐུ་ནས་ཞོར་ཆོས་སུ་འདྲེན་པ་ཀུན་ནས་ལས་ཀའི་གྲ་བསྒྲིག་ལེགས་པར་བགྱིད་ནས། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་བཀའ་བཞིན་ནག་ཟླའི་ཚེས་ཉེར་གཉིས་ལ་ས་སློང་ལྟོ་འཕྱེ་བརྟགས་པ་དང༌། བྱིན་རླབས་བཅས་བགྱིས་ནས། ཞེས་སོགས་གསལ་འདུག་པ་ལྟར་ལས་གཞན་གུས་པར་གསལ་ཞུའི་ནུས་པ་གང་ཡང་མ་མཆིས་པས་དགོངས་འགལ་མེད་པར་མཁྱེན།
གུས་བསྟན་པ་ཡར་འཕེལ་གྱིས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་སྐུ་ཞབསབཀྲ་ཤིས་ཚེ་རིང་མཆོག་ནས་བསྐུལ་དོན་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ ཉིན་བྲིས།

Share this:
༨༩ ཀློག་གྲངས།