སེར་བྱེས་གྲྭ་ཚང་གི་མཁན་རབས་དོན་དྲུག་པ་ཁྲི་འདོན།

ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་དྲུག་པ་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱི་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་རེད།

13711700_601634446681172_74334469_oདེ་ཡང་སེར་བྱེས་མཁན་སྙན་གྲ་ཚང་གི་མཁན་རབས་དོན་ལྔ་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་བདེ་ལེགས་མཁན་པོའི་ལས་ཡུན་འཁྱོལ་བ་དང་། ༧གོང་ས་མཆོག་གིས་སེར་བྱེས་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་སེར་བྱེས་མཁན་སྙན་གྲྭ་ཚང་གི་མཁན་རབས་དོན་དྲུག་པར་བསྐོ་བཞག་གནང་བའི་བཀའ་ཡིག་ཕེབས་ཡོད་པ་རེད། ཁྲི་འདོན་མཛད་སྒོའི་ཐོག་ཕྱི་ནང་གི་སྐུ་མགྲོན་ཁག་ཕེབས་པ་དང་། མཁན་རིན་པོ་ཆེ་བཞུགས་ཁྲིར་འཁོད་རྗེས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་དགེ་འདུན་ཆོས་འཕེལ་ནི། ཕྱི་ལོ་༡༩༤༡ ལོར་ཏྲེ་ཧོར་དཀར་མཛེས་སུ་ངོ་གྲོང་དུ་སྐུ་འཁྲུངས། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་སྒྲིག་ཞུགས་གནང་། དགུང་གྲངས་དགུ་པར་འཁྲུངས་གསར་སྐུ་ཕྲེང་ལྔ་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་མནོས། ཕྱི་ལོ་༡༩༦༠ལོར་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་དངོས་པོ་ཡང་དག་པར་མནོས།
ཕྱི་ལོ་༡༩༦༩ས་མོ་བྱ་ལོར་གདན་ས་ཁག་ལྷོ་ཕྱོཊ་སུ་སྤོས་རྗེས་རྒྱ་གར་མཁས་པའི་གཞུང་དང་། རྗེ་ཡབ་སྲས་གསུམ། བླ་མ་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་དབུས་རྒྱ་བོད་མཁས་པ་དག་གི་གསུང་རབ་དགོངས་འགྲེལ་དང་བཅས་པར་གུས་རྟག་སྦྱོར་བས་བརྩོན་པར་བསྐྱེད་དེ་ཉིན་མཚན་ཁོར་མོ་ཡུག་ཏུ་ཚོགས་ཆོས་སློབ་གཉེར། འཛིན་སྐྱོར་སྦྱོང༌། དཔེ་ཁྲིད་བཅས་ལ་ཐུགས་ཡིད་གཅིག་ཏུ་བསྒྲིམ་ཏེ་དུས་ཀྱི་སྐར་ཆ་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་གསན་བསམ་སྒོམ་པ་ཉིད་ལ་འབད། ཕྱི་ལོ་༡༩༧༨ས་ཕོ་རྟ་ལོ་ནས་ྋསྐྱབས་མཆོག་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་བཀའ་དགོངས་བཞིན་གསར་བུ་རྣམས་ལ་རིགས་ལམ་སྒོ་བརྒྱ་འབྱེད་པའི་བསྡུས་གྲྭ་ནས་བཟུང་སྟེ་རིམ་གྱིས་ཕར་ཚད། དབུ་མ། འདུལ་མཛོད་བཅས་པོད་ལྔའི་དཔེ་ཁྲིད་གནང་། དཔེ་ཁྲིད་གནང་སྐབས་ཀྱང་གཞུང་ཆེན་སྦོམ་བཤད་དང༌། མཆོད་གནས་རྒན་པོས་མདོ་རྒྱུད་ཀློག་པ་ལྟ་བུ་མིན་པ་དཀའ་གནད་རེ་ལ་རྒྱབ་རྟེན་གྱི་ལུང༌། སྒྲུབ་བྱེད་ཀྱི་རིགས་པ། བླ་མ་གོང་མའི་གསུང་སྒྲོས། རྗེ་བླ་མ་མཆོག་གི་གོ་སྟོབས་སོགས་བསྒྲིལ་ཐོག། གཞུང་དོན་རེ་ལ་དཔེ་ཁྲིད་ཐེངས་གཉིས་གསུམ་ལ་འགོག་ཀྱང་ཇི་མི་སྙམ་པ་གཞུང་དོན་ས་འོག་གི་གཏེར་བཞིན་འདོན་གནང་མཛད། ཕྱི་ལོ་༡༩༩༠ལྕགས་རྟ་ལོར་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་སོན་པའི་འབྲས་རྟགས་སུ་བྱེས་མཁས་སྙན་གྲྭ་ཚང་གི་མཁས་མང་བྱེ་བའི་དབུས་སུ་རབ་འབྱམས་པའི་གྲྭ་སྐོར་དམ་འཇོག་ཆེན་མོ་མཛད། ཕྱི་ལོ་༡༩༩༣ཆུ་མོ་བྱ་ལོར་སེར་བྱེས་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་སློབ་གཉེར་རྒན་དུ་ཕེབས། གྲྭ་ཚང་དགེ་བསྐོས་སུ་འདུས་མང་ཡོངས་ཀྱིས་ཐུགས་རེ་ཆེ་ཡང༌མཆོག་སྤྲུལ་བསྟན་འཛིན་འོད་གསལ་རིན་པོ་ཆེ་གྲྭ་ཚང་ལ་གནད་ཆེ་ཞིང་། ཁོང་གི་གསན་བསམ་ལ་དགོངས་ནས་བླ་བྲང་གིས་གྲྭ་ཚང་ལ་དགེ་བསྐོས་དགོངས་ཞུ་ཕུལ་དོན་བཞིན་དགེ་བསྐོས་བཞེངས་མི་དགོས་པའི་དགོངས་འཁྲོལ་ཐོབ། ཕྱི་ལོ་༡༩༩༦ཁམས་ཚན་དགེ་རྒན་གནང་། ཕྱི་ལོ་༢༠༠༣ཆུ་མོ་ལུག་ལོར་ཁམས་ཚན་གྱི་བརྩི་གཞག་དགེ་རྒན་གྱི་ཐུགས་འགན་བཞེས།

ཕྱི་ལོ་༢༠༡༦/༦/༡༤/བོད་ཟླ་༤/ཚེས་༡༠ཉིན། ༧གོང་ས་༧ སྐྱབས་མགོན་མཆོག་གི་ཞལ་སྔ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་གསེར་ཁྲི་སེར་པོར་མངའ་གསོལ་མཛད་པའི་སེར་བྱེས་མཁན་རབས་༧༦/པའི་བཀའ་ཡིག་ཕྱག་རྟགས་རིན་པོ་ཆེ་གསོལ་བསྩལ་གནང་བ་གཟིམས་ཤག་ཏུ་གདན་འདྲེན་ཞུ་བ་དང་ཆགས་གཅིག་བཀྲ་ཤིས་པའི་རྟེན་འབྲེལ་མཛད་སྒོ་བྱས།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༩༠ ཀློག་གྲངས།