ཨ་རིར་ཉེན་རྟོག་པས་མི་རིགས་ནག་པོར་མེ་མདའ་བརྒྱབ་འདུག

13816924_1212894715401062_1198611020_nཨ་རིའི་ནང་དུ་མི་རིགས་དཀར་པོའི་ཉེན་རྟོག་པས། ཉེས་མེད་མི་རིགས་ནག་པོར་མེ་མདའ་བརྒྱབ་ནས་བསད་པའི་གནས་ཚུལ་མང་པོ་ཐོན་ནས། རྒྱལ་ཁབ་དེར་མི་རིགས་དབྱེ་འབྱེད་ཀྱི་སེམས་འཚབ་ཆེན་པོ་འབྱུང་བཞིན་ཡོད་ཁར། ཉེ་ཆར་སླར་ཡང་མི་རིགས་ནག་པོ་མཚོན་ཆ་མེད་མཁན་ཞིག་ལ་མེ་མདའ་བརྒྱབ་འདུག
ཟླ་འདིའི་ཚེས་༢༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཨ་རིའི་ཧྥེ་ལོ་རི་ཌ་(Florida) མངའ་སྡེའི་ནང་དུ། གསོ་དཔྱད་སྨན་པ་ཞིག་གིས་སྨན་ཁང་ནས་ཕྱིར་ཐོན་ཕྱིན་པའི་སེམས་ནད་ཡོད་པའི་ནད་པ་ཞིག་གི་རྗེས་སུ་བསྙེགས་ནས། ནད་པ་དེ་སེམས་ཞི་འཇགས་ཡོང་ཐབས་བྱེད་བཞིན་སྐབས། ཉེན་རྟོག་པ་ཞིག་སླེབས་ནས། ཁོང་ལ་ཉེན་བརྡ་བཏང་བས། མི་རིགས་ནག་པོ་དེས་ལག་པ་གནམ་ལ་བསྐྱངས་ནས། རང་ཉིད་ལ་ལག་ཆ་མེད་པ་དང་ནད་པར་རོགས་པ་བྱེད་དུ་ཡོང་བ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ཀྱང་། ཉེན་རྟོག་པས་ཁོང་གི་རྐང་པར་མེ་མདའ་བརྒྱབ་ནས། ད་ལྟའི་ཆར་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་མེ་མདའ་རྒྱག་མཁན་མི་རིགས་ག་རེ་ཡིན་མིན་གསལ་སྟོན་བྱས་མི་འདུག་ཀྱང་། མི་མང་པོ་ཞིག་གིས་མེ་མདའ་རྒྱག་མཁན་དེ་མི་རིགས་དཀར་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༥ དང་༦ ཉིན་མི་རིགས་དཀར་པོའི་ཉེན་རྟོག་པས་ཉེས་མེད་མི་རིགས་ནག་པོ་གཉིས་བསྟུད་མར་མེ་མདའ་བརྒྱབ་ནས་བསད་པས། ཨ་རིའི་མངའ་སྡེ་མང་པོ་ཞིག་ནང་ཉེན་རྟོག་པའི་མི་རིགས་ནག་པོར་གདུག་རྩུབ་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། ཨ་རིའི་ཀྲེག་སེ་སི་(Texas) ཀྱི་ས་གནས་ཤིག་ལ་དེ་དང་འབྲེལ་བའི་ངོ་རྒོལ་སྐབས། མི་རིགས་ནག་པོ་ཞིག་གིས་མི་རིགས་དཀར་པོའི་ཉེན་རྟོག་པ་༥ ལ་མེ་མདའ་བརྒྱབ་ནས་བསད་པ་དང་། ཁོ་རང་ཡང་ཉེན་རྟོག་པས་བསད་པའི་གནས་ཚུལ་བྱུང་ནས། ཨ་རི་ཡོངས་རྫོགས་ལ་གནས་ཚུལ་དེ་དང་འབྲེལ་ནས་སེམས་འཚབ་དང་བསམ་ཚུལ་འདྲ་མིན་བྱུང་ཡོད་པ་རེད།
དྲ་ཐོག་ཏུ་ཡོད་པའི་དཔྱད་ཞིབ་ཁག་ལ་གཞིགས་ན། ཕྱི་ལོ་༢༠༡༥ ལོར་མི་རིགས་ནག་པོ་མཚོན་ཆ་ཐོགས་མེད་མཁན་ཉུང་མཐར་༡༠༢ དང་། ཕྱི་ལོ་༢༠༡༦ ལོ་ནས་ད་བར་མི་༡༢༣ ལ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་ཡོད་འདུག སྤྱིར་བཏང་གསོད་མཁན་ཚང་མ་མི་རིགས་དཀར་པོའི་ཉེན་རྟོག་པ་ཡིན་མིན་ཤོད་ཚོད་དཀའ་ཡང་། མི་རིགས་དཀར་པོའི་ཉེན་རྟོག་པས་མི་རིགས་ནག་པོ་ཉེས་མེད་བསད་པའི་གནས་ཚུལ་ཤིན་ཏུ་མང་བས། གནས་ཚུལ་དེས་ཨ་རིར་གུ་ཡངས་དང་མང་གཙོ། འདྲ་མཉམ་གྱི་ལྟ་བ་ཡོད་ཁུལ་བརྗོད་ཀྱི་ཡོད་པ་དེ་དང་འགལ་ཟླ་ཆེན་པོ་འགྲོ་ཡི་ཡོད་པ་ཚོར་མཁན་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༦༢ ཀློག་གྲངས།