གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་བྱེད་བཞིན་ཡོད་འདུག

ཕྱི་ཟླ་༧ ཚེས་༢༠ ཉིན་འགོ་འཛུགས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་རྒྱ་གཞུང་གིས་གཏོར་བཤིག་བྱེད་བཞིན་ཡོད་པ་འདུག་པ་དང་། ད་ལྟའི་ཆར་གྲྭ་བཙུན་གྱི་བཞུགས་ཤག་གྲངས་༢༠༠༠ ལྷག་ཙམ་གཏོར་བཤིག་བྱེད་བཞིན་ཡོད་པ་ཙམ་ལས་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མ་སོང་།

IMG_5785ཉེ་ཆར་རྒྱ་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་དུ་གྲྭ་བཙུན་གྲངས་མང་དྲགས་པས་ཉུང་དུ་གཏོང་དགོས་པ་དང་། གྲྭ་ཤག་གི་གྲངས་ཚད་ཀྱང་མང་དྲགས་པས་གཏོར་བཤིག་གཏོང་དགོས་པའི་བཀའ་རྒྱ་ཞིག་བཀྲམ་ཡོད་འདུག དེའི་ནང་དུ་གྲྭ་བཙུན་སློབ་གཉེར་བ་གྲངས་༥༠༠༠ ཙམ་ལས་གཏན་སྡོད་མི་ཆོག་པར་ཕྱིར་འཕུད་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་ད་ལྟའི་ཆར་གསེར་རྟ་བླ་རུང་ཆོས་སྒར་དུ་གྲྭ་བཙུན་༡༣༠༠༠ ཙམ་ཡོད་པ་དང། སློབ་ཚན་ཆ་ཚང་མཐར་ཕྱིན་རྒྱུའི་དུས་ཡུན་ཡང་མི་ལོ་༡༥ ཡིན་པ་རེད།

ཕྱི་ལོ་༢༠༠༡ ལོར་ཡང་རྒྱ་གཞུང་གིས་བཙན་དབང་འོག་ནས་གྲྭ་བཙུན་གྲངས་༡༤༠༠ ལས་སྡོད་མི་ཆོག་པའི་བཙན་བཀའ་བཏང་བ་དང། སྐབས་དེར་གྲྭ་བཙུན་གྱི་བཞུགས་གྲངས་༢༢༠༠ ལྷག་རྩ་གཏོར་བཏང་ཡོད་པ་རེད། གསེར་རྟ་བླ་རུང་ཆོས་སྒར་གྱིས་དུས་རྒྱུན་ནང་པའི་ཆོས་དང་རིག་གནས་ལ་སློབ་གཉེར་བྱ་རྒྱུ་ཁོ་ནས། རྒྱ་གཞུང་གི་ཁྲིམས་དང་འགལ་བའི་ལས་དོན་གང་ཡང་བསྒྲུབས་མེད་པ་རེད།

ད་ལན་ཡང་གྲྭ་བཙུན་ཕྱིར་འཕུད་དང་། གྲྭ་ཤག་གཏོར་བཤིག་བྱེད་བཞིན་པའི་སྐབས་འདིར་བླ་རུང་སྒར་གྱི་རྒྱུན་ལས་ཚོགས་ཆུང་གི་ངོས་ནས་ཆོས་རྗེ་མཆོག་གི་ཞལ་ཆེམས་བཞིན། “རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་”ཅེས་པའི་དགོངས་དོན་བཞིན་བཟོད་སྒོམ་དང་གུ་ཡངས་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག་ལ།      ཉེ་ཆར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲྭ་བཙུན་ལ་ཡོངས་ལ། “གནད་འགག་ལ་ཐུག་དུས་བླ་མའི་གསུང་བརྗེད་མི་རུང་སེམས་ལ་ཟུངས། དེ་རིང་བཟོད་སྒོམ་དང་གུ་ཡངས་གནོངས་དང་། སང་ཉིན་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་ཡིད་ཆེས་ཡོད།”ཅེས་དང་།     “སྒེར་དོན་ལ་མ་ལྟ། སྤྱི་དོན་ལ་ལྟོས། གནས་སྐབས་ལ་མ་ལྟ། མཐར་ཐུག་ལ་ལྟོས།” “འཚོ་བ་ལ་ཕམ་ཉེས་ཇི་ལྟར་འབྱུང་རུང་། དཀའ་ངལ་གདོང་ལེན་བྱེད་ཚུལ་སེམས་ཀྱིས་སྦྱོང་བརྡར་བྱས་ཏེ་མི་ཚེའི་ཉམས་མྱོང་ལེན་དགོས་པ་ལས་གུ་དོག་དང་སེམས་ཕམ་གྱིས་སེམས་རུས་གཅོག་མི་ཉན། བྱ་བ་གང་ཡིན་ཡང་ཡུལ་དུས་ངོ་བོ་རྣམ་པ་སོགས་ལ་བརྟག་ན་གནད་དོན་གཅིག་ལ་བྱེད་ཐབས་སྣ་ཚོགས་ཡོད་ཅིང་། སྐབས་བསྟུན་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས་བྱུང་བ་བཞིན། རྒྱལ་བའི་བཀའ་དང་བླ་མའི་གསུང་རང་སེམས་དྲི་མ་མེད་པ་གསུམ་གྱི་སྟེང་ནས་གནད་སེལ་གྱི་སྙིང་པོ་ངོས་ཟིན་དགོས།”ཞེས་ལམ་སྟོན་གནང་བ་བཞིན། གྲྭ་བཙུན་དག་གིས་ཀྱང་ཁུ་སིམ་པའི་ཐོག་ནས་བཟོད་སྒོམ་བྱེད་བཞིན་ཡོད་འདུག

Larung-22ཕྱི་ལོ་༢༠༠༡ ལོར་བླ་རུང་ཆོས་སྒར་རྒྱ་གཞུང་གིས་གཏོར་བཤིག་གཏོང་སྐབས་ཀྱང་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་སློབ་ཚོགས་ཡོངས་ལ་དོན་ཚན་གསུམ་གྱི་ཐོག་ནས་བཀའ་སློབ་གནང་ཡོད་པ་རེད། དེ་ཡང་། ༡༽ རང་གི་སྲོག་ལ་ཐུག་ཀྱང་བླ་མ་དཀོན་མཆོག་གསུམ་པོ་ནམ་ཡང་སྤང་མི་རུང་། ༢༽ རང་གིས་བྱང་ཆུབ་བསྒྲུབ་པ་ལ་དམ་བཅའ་རྡོ་རྗེ་བྲག་རི་ལས་ཀྱང་བརྟན་དགོས། ༣༽ འགྲོ་བ་མཆོག་དམན་ཀུན་ལ་བསམ་པ་དཀར་པོ་འཆང་ནས་གཞན་སེམས་མ་དཀྲུགས། རྩ་བས་གནད་དོན་གསུམ་པོ་འདི་ཚེ་རབས་ཀུན་གྱི་ཉམས་ལེན་ཡང་ཡིན་ལ། ད་རེས་ཀྱི་སྐབས་འདིར་འགལ་རྐྱེན་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ལྕགས་རི་བཟང་པོ་ཡང་འདི་ཡིན། ལམ་ལྷག་པའི་བསླབ་པ་གསུམ་པོ་འདི་ལ་ཚང་ཡོད། ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནི། དཀར་མཛེས་ཁུལ་གསེར་རྟ་རྫོང་ཁོངས་སུ་ཡོད་ཅིང་། མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་༤༠༠༠ ཡན་གྱི་མཐོ་སྒང་དུ་ཆགས་ཡོད་པ་རེད། གནས་དེར་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་སྐྱེ་གོང་མ་ཁྲག་འཐུང་བདུད་འཇོམས་གླིང་པས་ཕྱི་ལོ་༡༨༨༠ ལོར་ཐོག་མར་ཕྱག་བཏབ་སྟེ་མཚན་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ཅེས་གསོལ་ནས་སྐལ་ལྡན་གྱི་སློབ་ཚོགས་དུ་མ་སྨིན་གྲོལ་ལ་བཀོད། ཕྱིས་སུ་ཆོས་སྡེ་དེ་ཉིད་འཐོར་ཞིག་ཏུ་གྱུར་ནའང༌། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་གནས་དེར་ཕྱི་ལོ་༡༩༨༠ ལོར་འཆད་ཉན་གྱི་ཆོས་གྲྭ་གསར་འཛུགས་གནང་ནས་རིམ་བཞིན་ཡར་རྒྱས་སུ་ཕྱིན་པ་དང་འབྲེལ། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་མཚན་གསོལ་མཛད། ཆོས་གྲྭ་འདིར་ནང་གསེས་ཀྱིས་དབྱེ་ན་སྟོད་དུ་ཤར་ཉེས་ཚོགས་རང་གྲོལ་གླིང༌།  ལྷོ་འདོད་དགུ་ཀུན་འབྱུང་གླིང༌། ནུབ་སྣང་སེམས་དབང་སྡུད་གླིང༌། བྱང་ཕྱོགས་ལས་རྣམ་རྒྱལ་གླིང་། དབུས་དོན་གཉིས་ལྷུན་གྲུབ་གླིང་བཅས་ལྔ་རིག་ནང་བསྟན་སློབ་གླིང་ཞེས་བཙུན་པའི་གླིང་ལྔ་དང༌། བར་ན་རྒྱལ་ཕྱིའི་ཆོས་སློབ་ཁང་ཞེས་ཕྱི་གླིང་ཁག་དང་རྒྱ་ནག་གི་སློབ་གཉེར་བ་བཅས་ཀྱི་གླིང་གཅིག སྨད་ན་ལྷན་སྐྱེས་ཆོས་སྐུའི་གླིང༌།  སྔགས་སྐྱེས་ལོངས་སྐུའི་གླིང་། ཞིང་སྐྱེས་སྤྲུལ་སྐུའི་གླིང་བཅས་བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་དང༌། ཉེ་འཁོར་ན་ལེགས་ཚོགས་ཆར་འབེབས་གླིང་ཞེས་དགེ་བསྙེན་གྱི་གླིང་གཅིག་བཅས་གླིང་ཆེན་བཞིས་གྲུབ་ཅིང༌། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གྲྭ་བཙུན་ཆིག་ཁྲི་སུམ་སྟོང་ལྷག་དང༌། དགེ་བསྙེན་གཅིག་སྟོང་ཕྲག་ཁ་ཤས།  ཕྱི་གླིང་དང༌། རྒྱ་ནག་གི་ཡུལ་གྲུ་དུ་མ་ནས་ཕེབས་པའི་ཆོས་ཞུ་བ་གཅིག་སྟོང་ལྷག་ཙམ་གཏན་སྡོད་བྱས་ཡོད་པས་འཛམ་གླིང་གི་ནང་བསྟན་སློབ་གླིང་ཆེ་ཤོས་དེ་ཆགས་ཡོད།

13716005_1628078137506932_5257479531549367676_nདེ་དག་གི་སྦྱང་བྱ་གཙོ་བོ་ནི་མདོ་ཕྱོགས་ནས་གཞུང་ཆེན་ལྔ་དང༌། སྔགས་ཕྱོགས་ནས་རྒྱུད་སྡེ་བཞི་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱང་བརྩོན་ལྷོད་མེད་དུ་གནང་སྟེ་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་ལ་མཁས་པ་གྲངས་ལས་འདས་པ་ཞིག་བྱུང་ཞིང་བོད་ཡུལ་སྟོད་སྨད་བར་གསུམ་དང༌། འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་འཁོར་ལོ་སྐོར་བཞིན་ཡོད་པར་མ་ཟད། བོད་རྒྱ་ཡིག་རིགས་དུ་མའི་ཐོག་ནས་ནང་ཆོས་དང་ཚན་རིག་གི་ལྟ་བའི་ཟབ་ཁྱད་དང༌། ལག་ལེན་གྱི་དགེ་མཚན་ཆེ་ཆུང་གཤིབས་བསྡུར་བྱས་པ་སོགས་ཀྱིས་མཚོན་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་རླབས་ཆེ་བའི་སྔོན་མེད་ཀྱི་ལེགས་བཤད་ཇི་སྙེད་ཅིག་གསར་རྩོམ་གྱིས་མི་རིགས་སྤྱི་ལ་བླང་དོར་གྱི་ལམ་སྟོན་བྱེད་བཞིན་ཡོད་ནའང༌། སྟབས་ཉེས་པ་ཞིག་ལ་རྒྱ་དམར་གཞུང་གིས་ཕྱི་ལོ་༡༩༩༦ ནས་དམ་དྲག་གི་འགོ་བཙུགས་ཤིང་༢༠༠༡ ཟླ་༦ པའི་ནང་གཞུང་དམག་ཉིས་སྟོང་ལྷག་ཆེད་གཏོང་གིས་འཇིགས་སྐུལ་དང༌། ལས་བཟོ་པ་མང་པོ་བཏང་ནས་ཟླ་༦ ཚེས་༢༧ ནས་ཟླ་༧ པའི་ཚེས་༡༢ བར་གྲྭ་ཁང་ཉིས་སྟོང་ཉིས་བརྒྱ་ལྷག་རྩ་གཏོར་བཏང་བ་དང༌། གྲྭ་བཙུན་༡༤༠༠ ཙམ་མ་གཏོགས་བཞུགས་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲྭ་བཙུན་ཕྱིར་འཕུད་བྱས་པ་སོགས་ཡ་ང་བའི་གནས་སྟངས་འོག་རྒྱ་བོད་ཀྱི་བཙུན་མ་མང་པོ་རིག་ཚོ་མ་ཟིན་པ་དང་ཁ་ཤས་ཀྱིས་གཅེས་པའི་ཚེ་སྲོག་ཀྱང་འདོར་དགོས་བྱུང་ཡོད།

༢༠༠༢ ཟླ་༤ པའི་ཟླ་མཇུག་ནས་༥ བའི་ཚེས་འགོ་བར་སླར་ཡང་གྲྭ་ཁང་ཉི་ཤུ་གཏོར་བཤིག་བྱས་ཤིང༌། ཆོས་རྗེ་མཆོག་ཉིད་ཀྱང་ལོ་གཅིག་རིང་རྒྱ་མིའི་དོ་དམ་འོག་བཞུགས་དགོས་བྱུང་ཡོད་པ་སོགས་ད་ལྟ་ཆེས་ཉེན་ཁ་ཆེ་བའི་དུས་ཚོད་ཅིག་ལ་སླེབས་ཡོད།

ཕྱི་ལོ་༢༠༠༤ ལོའི་ཕྱི་ཟླ་༡ ཚེས་༧ ཉིན་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་སྐུ་གཤེགས་ཀྱང་། ཞལ་སློབ་དག་གིས་མུ་མཐུད་འཛིན་སྐྱོང་གནང་ནས་རྒྱ་གཞུང་གི་དམ་དྲག་བྱས་མིན་ལ་མ་ལྟོས་པར་མུ་མཐུད་རྒྱུད་འཛིན་གནང་ནས་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་རེད། འོན་ཀྱང་རྒྱ་གཞུང་གིས་སླར་ཡང་ཕྱི་ལོ་༢༠༡༦ ཟླ་༧ ཚེས་༢༠ ཉིན་ནས་འགོ་འཛུགས་ཀྱིས་གཏོར་བཤིག་གཏོང་བཞིན་ཡོད་པ་རེད།།

Share on Facebook9Tweet about this on TwitterShare on Google+5Share on LinkedIn0Email this to someone
1 commentViews: 143