བོད་ནང་ལོ་ཁྲི་གཅིག་གི་སྔོན་ནས་མི་འཚོ་གནས་བྱས་ཡོད་པ།

ཟླ་འདིའི་ཚེས་༢༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་(Business Standarad) ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་གནའ་རྫས་ཞིབ་དཔྱོད་པ་ཁག་ཅིག་གིས་ཞིབ་འཇུག་བྱས་པ་བརྒྱུད། བོད་མདོ་སྨད་མགོ་ལོག་ཁུལ་དུ་ས་ཡི་མཐོ་ཚད་མི་ཊར་༤,༠༠༠ ལ་ལོ་ངོ་༡༠,༠༠༠ ཡར་སྔོན་དུ་གནའ་བོའི་མིས་ཁོར་ཡུག་བཙན་པོར་རི་དྭགས་སོགས་བརྒྱབ་ནས་འཚོ་གནས་བྱས་པའི་དཔང་རྟགས་རྙེད་སོན་བྱུང་ཡོད་པ་རེད་འདུག
དེ་ཡང་ཁོ་ཚོས་ཁུལ་དེའི་ས་ཡི་རིམ་པའི་ནང་གོ་ཐལ་གྱི་རིམ་པ་ཞིག་རྙེད་སོན་བྱུང་བ་དང་། དེས་མིའི་འཚོ་གནས་ཀྱི་བྱ་སྤྱོད་དཔང་རྟགས་ཡིན་པ་ར་འཕྲོད་བྱས་ཡོད་འདུག དེ་བཞིན་ས་གནས་དེར་གནའ་བོའི་རྡོ་ཡི་ཡོ་ཆས་ཁ་ཤས་རྙེད་སོན་བྱུང་ཡོད་འདུག

རྙེད་སོན་དེ་ནི་སའི་མཐོ་ཚད་མི་ཊར་༤༠༠༠ ཡི་སྒང་ལ་གནའ་བོའི་མིའི་འཚོ་གནས་ཀྱི་དཔང་རྟགས་རྙིང་ཤོས་ཡིན་པ་དང་། དེ་ལས་གནའ་བོའི་མིས་ཁོར་ཡུག་བཙན་པོར་ཇི་ལྟར་འཚོ་གནས་བྱས་ཡོད་སྐོར་ལ་ཞིབ་འཇུག་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་ཞིབ་འཇུག་པ་ཞིག་གིས་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༤ ཀློག་གྲངས།