གཡག་ཡ་སོ་ཅན་དང་རིག་གཞུང་གི་ཁོར་ཡུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༥  ཕྱི་ལོ་ ༢༠༡༦/༧/༢༧

ཉེ་ཆར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་གཞས་སྣ་འཁྲབ་སྟོན་ནང་གཡག་ཡ་སོ་ཅན་ཞིག་འཁྲབ་པ་དེའི་འདྲ་པར་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཁྱབ་ནས་བགྲོ་གླེང་མང་པོ་བྱུང་ཡོད་པ་དང། དེའི་རྗེས་སུ་ཡུ་རོབ་ཀྱི་རྒྱལ་ཁབ་ནོར་ཝེ་རུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཞེས་པའི་དེབ་ཀྱི་རྒྱབ་ཤའི་ཐོག་གཡག་གི་རི་མོ་ཞིག་ཡོད་པ་དེ་ཡང་ཡ་སོ་ཅན་ཞིག་ཡིན་པ་རེད། རྩ་བས་ཕྱོགས་གཅིག་ནས་བལྟས་ན་དེ་ཙམ་གྱི་གནད་དོན་ཆེན་པོ་ཞིག་མིན་ནའང། ཕྱོགས་གཅིག་ནས་བསམ་བློ་བཏང་ན། མི་རིགས་ཤིག་གི་རིག་གནས་ལ་སྦྱང་བརྩོན་བྱེད་དགོས་དུས་ཡིག་ཐོག་ཁོ་ནས་སྦྱང་པ་ཙམ་གྱིས་མཐིལ་ཕྱིན་པ་ཞིག་ཤེས་ཀྱི་མེད་པ་དེ་གསལ་སྟོན་བྱུང་བ་རེད། ད་ལྟའི་ཆར་སྤྱི་ཚོགས་དྲ་རྒྱ་ཁག་གི་ནང་དུ་གནད་དོན་འདི་ཧ་ཅང་གི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག་ལ། འདི་ལྟ་བུ་ཞིག་ཡོང་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། ལྷག་པར་དུ་གནད་དོན་འདིའི་ཐོག་ནས་ག་རེ་གསལ་སྟོན་བྱས་ཡོད་མེད་ཀྱི་སྐོར་ལ་དཔྱད་གླེང་མདོར་བསྡུས་ཙམ་བྱེད་དགོས་པར་མཐོང།

སྤྱིར་བཙན་བྱོལ་ནང་འཚར་ལོང་བྱུང་བའི་བོད་ཕྲུག་ན་གཞོན་ཞིག་ལ་མཚོན་ན་གཡག་ཅེས་པ་གློག་བརྙན་དང་རི་མོའི་ལམ་ནས་མཐོང་བ་ཙམ་ལས། དངོས་སུ་གཡག་དང་འབྲི་མོའི་གཤིས་རྒྱུད་དང་རང་བཞིན། བེད་སྤྱོད་བཅས་ག་འདྲ་ཞིག་ཡིན་མིན་གྱི་ཐོག་རྒྱུས་མངའ་གཏན་ནས་མེད། དེར་བརྟེན་ཡ་སོ་ཡོད་མེད་སོགས་ལ་དེ་བས་ཀྱང་ཤེས་རྟོགས་མེད་པ་གསལ་པོ་རེད། སྐབས་རེར་བོད་གཞུང་ཟློས་གར་གྱིས་གཡག་དང་འབྲི་ཡི་འཁྲབ་སྟོན་སྐབས་འབྲིའི་བྲང་ནས་འོ་མ་འཇོ་བའི་འཁྲབ་སྟོན་ཡང་དངོས་སུ་མཐོང་མྱོང། གནད་དོན་འདི་དག་འབྲི་གཡག་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། ད་ལན་སྐབས་སུ་བབ་པ་གཡག་ཁོ་ན་དཔེ་མཚོན་དུ་བཞག་པ་ཙམ་ལས་འདི་དང་འདི་ལྟ་བུའི་གནས་སྟངས་ནི་བཙན་བྱོལ་ནང་གཅིག་མིན་གཉིས་མིན་དུ་ཡོང་གི་ཡོད་པ་མ་ཟད། བོད་ནང་དུའང་དེང་སྐབས་གྲོང་ཁྱེར་ཁག་ཏུ་སྡོད་མཁན་གྱི་ནང་དུ་གནས་སྟངས་གཅིག་མཚུངས་ཡོང་གི་ཡོད་ངེས་རེད། སྤྱིར་གཡག་ལ་ཡ་སོ་མེད་པ་ཤེས་པ་ཙམ་གྱིས་མཁས་པ་མ་རེད་ལ། གཡག་ལ་ཡ་སོ་མེད་པ་མ་ཤེས་པ་ཙམ་གྱིས་བླུན་པོ་ཡང་མ་རེད།

འོན་ཀྱང་བོད་པའི་རིག་གནས་གོམས་གཤིས་དང་ཤེས་ཡོན་གྱི་ཐོག་ནས་བསམ་བློ་བཏང་ན། གཡག་ཡ་སོ་ཅན་གྱི་འདྲ་གཟུགས་དང་རི་མོ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོང་དུས་བོད་པའི་རིག་གནས་རྒྱུན་འཛིན་གྱི་ཐོག་ནས་རྟེན་འབྲེལ་མ་ཡག་དྲིལ་བུའི་ཆག་སྐད་ཅེས་པར་གྱུར་ཡོད། སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་འཚར་ལོང་བྱུང་བའི་ནང་སུམ་རྟགས་ལ་མཁས་པ་དང། སྙན་གཞུང་འགྲེལ་བཤད་རྒྱག་མཁས་པ་མང་པོ་ཡོད་རབས་འདུག་ལ། དོན་དངོས་ཐོག་ནས་ཀྱང་དེ་བཞིན་ཡོད་ངེས་རེད། སྙན་ངག་མེ་ལོང་མ་ལ་མཚོན་ན་རྒྱ་གར་ནས་བསྒྱུར་ཡོང་བའི་སྙན་གཞུང་ཞིག་ཡིན་སྟབས། དེའི་ནང་གི་རི་ཆུ་ནགས་གསུམ་དང། ཟླ་བ་ལ་བསྟོད་པ་ཧ་ཅང་མང་བ་སོགས་རྒྱ་གར་ཚ་བའི་ལུང་པར་ཚོར་སྣང་སླེབས་པར་དཀའ་ངལ་གང་ཡང་མེད། དོན་དངོས་ཐོག་རྒྱ་གར་ནང་འཚར་ལོང་བྱུང་བ་ཞིག་ཡིན་ན་རྩམ་དྲི་དང་མར་དྲི་འཐུལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གཤིས་ཀ་མཚོན་པའི་སྙན་ངག་ཅིག་ཕལ་ཆེར་མེད་ཅེས་བརྗོད་ན་ཅུང་ཁ་ཕོ་ཆེ་དྲགས་སྲིད་ཀྱང། ཧ་ཅང་དཀོན་པོ་རེད།

དེ་ལྟ་བུ་བྱུང་བའི་རྒྱུ་མཚན་ཡང་གོང་དུ་བརྗོད་པ་བཞིན་བོད་པ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་མེད་པ་དང། གངས་དཀར་ལྷུན་པོའི་བརྗིད་ཉམས་དང། དབྱར་གྱི་རྩྭ་ཐང། གཡང་དཀར་ལུག་གི་འབའ་སྒྲ་དང། འབྲི་ནག་ཐུལ་མའི་ངུར་སྒྲ། སྦྲ་ནག་དང་ཤིང་ཁང་གི་བཀོད་པ་སོགས་ཚང་མ་ཤོག་བུའི་ནང་གི་རི་མོ་ཙམ་ལས་དོན་དངོས་ཀྱི་མྱོང་བ་མེད་པས། བོད་པའི་གཤིས་ཀ་དངོས་སུ་མཚོན་པའི་སྙན་ངག་ཅིག་ཡོང་མི་ཐུབ་པའི་རྒྱུ་མཚན་ཡང་གནད་དོན་འདི་ལ་ཐུག་ཡོད། དེ་བཞིན་ཚིག་བོད་སྐད་ཡིན་ཡང་ཚིག་སྦྱོར་བོད་སྐད་མིན་པའང་མང་པོ་ཡོད་དེ། དཔེར་ན་གནམ་གྲུ་དང་རླངས་འཁོར་ཞོན་ནས་ཡོང་བ། མི་སྲབ་སྲབ་དང། དེབ་སྦོམ་པོ་སོགས་ཚིག་བོད་སྐད་ཡིན་ཡང་བརྗོད་སྟངས་བོད་སྐད་གཏན་ནས་མ་ཡིན་པ་མང་པོ་ཡོད་པ་འདི་དག་ནི། ང་ཚོ་ལ་ཁོར་ཡུག་གིས་སྤྲད་པའི་ཤུགས་རྐྱེན་དང་དོ་སྣང་མ་བྱས་པས་རེད། དེར་བརྟེན་བཙན་བྱོལ་ནང་གི་བོད་པའི་རིག་གནས་ཉམས་ཆག་གི་གནས་སྟངས་ཐོག་ནས་བལྟས་ན་དཀའ་ངལ་མང་པོ་འཕྲད་ཡོད་པ་ནི་སྨྲོས་མེད་རེད།

མ་འོངས་པར་རྒྱུན་རིང་བཙན་བྱོལ་ནང་སྡོད་དགོས་བྱུང་ན་རིམ་པས་བོད་པའི་རིག་གནས་འདི་ཉིད་མིང་ཙམ་དུ་འགྱུར་ངེས་རེད། གཡག་ལ་ཡ་སོ་ཡོད་མེད་ཤེས་མི་ཤེས་ཁོ་ན་དེ་ཙམ་གྱི་ཉེན་ཁ་ཆེན་པོ་ཞིག་གང་ཡང་མིན་ནའང། སྤྱི་ཡོངས་ནས་བོད་པའི་རིག་གནས་ཤེས་མཁན་དང། དེ་ལ་དགའ་སྣང་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག བོད་ཀྱི་སྐད་ཡིག་རིག་གནས་ལ་ཤི་འཐམས་རོ་འཐམས་བྱེད་མཁན་དག་ཀྱང། བོད་པའི་སྐད་ཡིག་མ་གཏོགས་གང་ཡང་མི་ཤེས་མཁན་འབའ་ཞིག་རེད་ཅེས་བརྗོད་ནའང་ཐལ་ཆ་ཆེན་པོ་མེད་སྙམ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་མི་ཆེ་འབྲིང་ཆུང་གསུམ་ཕལ་མོ་ཆེས་རིག་གནས་དང་རིག་གཞུང་གི་ཁྱད་པར་ཙམ་ཡང་མི་ཤེས་པ་དང། རིག་གཞུང་ཞེས་པ་ལྷ་མོ་འཁྲབ་པ་དང། རྩམ་པ་ཟ་བ། བོད་ཇ་འཐུང་བ། ཕྱུ་པ་གྱོན་པ་ཙམ་ལ་ངོས་འཛིན་བྱེད་མཁན་ཧ་ཅང་པོ་རེད། མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཁ་ནས་ཆོས་དང་རིག་གཞུང་བརྗོད་མཁན་མང་དྲགས་དང། དོན་དུ་དེ་ལ་བསམ་བློ་གཏོང་མཁན་ཉུང་དྲགས་པའི་དཀའ་ངལ་འདི་ཡོད་མུས་རེད།།

 

Share this:
༡༤༡ ཀློག་གྲངས།