མོན་གྷོ་ཊི་ས་གནས་གཞོན་ལྷན་དབུས་ཀྱི་འོག་ཏུ་འདུག་རྒྱུ་ཐག་གཅོད་བྱུང་འདུག

ཉེ་ཆར་གཞོན་ལྷན་དབུས་རྒྱུན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་དྲུང་ཆེ་ལམ་བཟང་གཉིས་མོན་གྷོ་ཊི་ས་གནས་སུ་ཆེད་ཕེབས་བྱས་ཏེ། གྲོས་བསྡུར་བྱས་མཐར། མོན་གྷོ་ཊི་ས་གནས་གཞོན་ལྷན་དབུས་ཀྱི་ཁྱབ་ཁོངས་འོག་ཏུ་སྡོད་རྒྱུ་གྲོས་མཐུན་བྱུང་ཡོད་པ་རེད།

13956902_10210413062226983_767309363_n༢༠༡༣ ལོར་བོད་ཀྱི་གཞོན་ལྷན་ཚོགས་ཆེན་སྐབས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཀྱིས་གཞོན་ལྷན་གྱི་ཆབ་སྲིད་འཐབ་རྩོད་ཀྱི་ལངས་ཕྱོགས་དབུ་མའི་ལམ་དུ་སྒྱུར་དགོས་པའི་བསམ་ཚུལ་བཏོན་པར་བརྟེན། རྗེས་སུ་ལངས་ཕྱོགས་སྒྱུར་མ་ཐུབ་ནས། ས་གནས་ཁག་བརྒྱད་གཞོན་ལྷན་དབུས་རྒྱུན་འོག་ནས་མར་ཐོན་ཡོད་པ་རེད།

ཟླ་འདིའི་ཚེས་༦ ཉིན་གནས་ཚུལ་དེའི་སྐོར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་ལམ་བཟང་ལ་གནས་འདྲི་བྱས་པར། ཁོང་གིས། “དབུས་རྒྱུན་ཚོ་སྔ་ཕྱིར་མོན་གྷོ་ཊིར་ཆེད་དུ་ཐེངས་གསུམ་ལ་བཅར་བ་དང་། བསྡོམས་པའི་དབུས་རྒྱུན་དང་ས་གནས་རྒྱུན་ལས་ཐུག་འཕྲད་གྲོས་མོལ་ཐེངས་ལྔ་བྱས་མཐར། ཟླ་འདིའི་ཚེས་༥ ཉིན་མོན་གྷོ་ཊི་ས་གནས་རྒྱུན་ལས་དང་ཚོགས་མི། ས་གནས་ཀྱི་གནད་ཡོད་མི་སྣ་སོགས་༨༠ ཙམ་ལྷན་ཚོགས་བྱས་ཏེ་མོན་གྷོ་ཊི་ས་གནས་གཞོན་ལྷན་དེ་དབུས་གཞོན་ལྷན་གྱི་འོག་ཏུ་འདུག་རྒྱུ་སྤྱི་མོས་ཐག་གཅོད་བྱུང་ཡོད་པ་རེད་”ཅེས་འགྲོལ་བརྗོད་གནང་སོང།
ས་གནས་གཞན་པ་ཁག་བདུན་དེ་དབུས་གཞོན་ལྷན་འོག་ཏུ་ཡོང་རྒྱུ་ཡིན་མིན་སྐོར་དྲིས་པར། བསྟན་འཛིན་ལམ་བཟང་གིས་གནད་དོན་དེ་ཚོའི་ཆེད་རྗེས་སུ་གསལ་བསྒྲགས་བྱེད་འཆར་ཡོད་པས། ད་ལྟ་གང་ཡང་བཤད་རྒྱུ་མིན་སྐོར་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༨ ཀློག་གྲངས།