རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་ཉིན་བོད་སྐད་བགྲོ་གླེང་།

ཤེས་རིགས་ཟུང་དྲུང་ཀརྨ་སྨོན་ལམ་ལགས། སཱ་ར་མཐོ་སློབ་ཀྱི་རྒན་བསོད་ནམས་རྒྱལ་མཚན་ལགས་གསུམ་གདན་འདྲེན་ཞུས་འདུག དང་ཐོག་ཀརྨ་སྨོན་ལམ་ལགས་དང་རྒན་བསོད་ནམས་རྒྱལ་མཚན་རྣམ་གཉིས་ཀྱིས། བོད་ཀྱི་བརྡ་སྤྲོད་རིག་པ་དང་མིང་ཚིག་གསར་བཟོ། མིང་ཚིག་སྒྱུར་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་ཚོགས་བཅར་བ་ཚོས་དྲི་བ་དང་བསམ་ཚུལ་ལ་ལན་འདེབས་ཀྱིས་བགྲོ་གླེང་བྱས་ཡོད་པ་རེད།
དེ་རྗེས་བཀའ་ཁྲི་མཆོག་གིས་སྐད་ཡིག་རྒྱུད་འཛིན་བྱེད་ཐབས་སྐོར་ལ་གསུང་དོན། བགྲོ་གླེང་གི་བརྗོད་གཞིའི་ནང་རྒྱལ་སྤྱིའི་ཕལ་སྐད་དུས་ཆེན་གྱི་ཉིན་མོ་ཟེར་ནས་བྲིས་འདུག དེའི་དོན་དག་དེ་ངས་ཞེ་དྲག་ཤེས་མ་སོང་། ཕལ་སྐད་ཟེར་ནས་བྲིས་པ་དེ་ག་རེ་ཡིན་ན་བསམ་སོང་། ང་ཚོའི་བོད་སྐད་ཀྱི་རིག་པའི་གཞུང་ལུགས་མང་ཆེ་བ་ལེགས་སྦྱར་གྱི་སྐད་ལ་བརྟེན་ནས་ཡོང་བསྡད་པ་ཞིག་རེད། ལེགས་སྦྱར་གྱི་སྐད་ནང་ཕལ་པའི་སྐད་དང་དམ་པའི་སྐད་ཟེར་བའི་ཐ་སྙད་ཅིག་ཡོད་པ་རེད། ཐ་སྙད་དེ་དང་མཚུངས་པ་བྱས་ནས་བོད་པའི་སྐད་ནང་ཁ་སྐད་དང་ཡིག་སྐད་ཟེར་ནས་བརྗོད་ཚུལ་གཅིག་དང་། ཁ་སྐད་དང་ཆོས་ཚིག་ཟེར་ནས་བརྗོད་ཚུལ་གཉིས་ཡོད་རེད། དེ་རིང་གི་ཉིན་མོར་ཕལ་སྐད་དང་ཡིག་སྐད། ཡང་ན་དམ་པའི་སྐད་དང་ཕལ་སྐད་གཉིས་ཀྱི་ནང་ནས་ཕལ་སྐད་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད་ན་གནས་ཚུལ་ལོག་ག་རེད། རྒྱལ་ཚོགས་ཀྱི་ཡན་ལག་གིས་ཁྱབ་བསྒྲགས་བྱས་པ་དེ་མ་སྐད་ཟེར་བ་དེ་རེད། ༡༩༩༩ ལོར་ཁོ་ཚོས་གསལ་བསྒྲགས་བྱས་པའི་ནང། དེང་སང་མ་སྐད་མང་པོ་ཞིག་འཕྲོ་བརླག་འགྲོ་ཡི་འདུག སྲུང་སྐྱོབ་བྱེད་པར་མཐུན་རྐྱེན་སྦྱར་དགོས་པ་སོགས་ཀྱི་སྐད་ཆ་བྱུང་ཡོད་པ་རེད། ༢༠༠༠ ལོའི་ཟླ་བ་༢ ཚེས་༢༡ ཉིན་དངོས་སུ་སྲུང་བརྩི་བྱེད་རྒྱུའི་འགོ་བཙུགས་པ་དང། རྒྱལ་སྤྱིའི་མ་སྐད་ཀྱི་ཉིན་མོ་ཟེར་ནས་གསུངས་ཡོད་པ་རེད་ལ། ང་ཚོའི་བོད་སྐད་ནང་ཕལ་སྐད་ཟེར་ནས་ཕར་བསྒྱུར་པ་ཡིན་ན། དབྱིན་སྐད་ནང་colloquial ཟེར་བ་དེར་གོ་བའི་ཉེན་ཁ་ཡོད་རེད། དེ་ནས་ཚུར་ལེན་པ་ཡིན་ན་ཏག་ཏག་སྡོད་ཀྱི་མ་རེད་ཅེས་གསུངས་སོང།
ཁོང་གིས་མུ་མཐུད་ཡིག་བསྒྱུར་གྱི་སྐོར་གསུང་དོན། སྤྱིར་བཏང་དངོས་པོ་གསར་པ་གཅིག་ལ་མིང་གཅིག་ཡོད་པ་ཡིན་ན། མིང་དེ་ངེས་པར་དུ་ང་ཚོའི་སྐད་ནང་སྒྱུར་དགོས་མིན་ལ་བསམ་བློ་གཏོང་དགོས་པ་དེ་གནད་འགག་དང་པོ་དེ་རེད། སྔོན་གྱི་ལོ་ཙཱ་བ་ཚོས་ས་ཆ་དང་མིའི་མིང་ཡང་བོད་སྐད་ནང་བསྒྱུར་ཡོད་པས། རྗེས་སུ་རྒྱ་གར་གྱི་བྱུང་བ་རིག་པའི་སྐོར་སློབ་སྦྱོང་བྱེད་པའི་སྐབས་སུ། བོད་ཀྱི་བཀའ་བསྟན་ནང་ཡོད་པའི་མིང་དེ་དག  རྒྱ་གར་སྐད་ནང་རང་སོར་བཞག་ཡོད་ན་ངོ་འཕྲོད་བདེ་པོ་ཡོད་ས་རེད་དྲན་གྱི་འདུག  ས་ཆ་དང་མིའི་མིང་ཚང་མ་བོད་སྐད་ནང་བསྒྱུར་ཡོད་པ་དེས། མཚམས་རེར་མིའི་མིང་བཅས་ཀྱི་ཐད་ལ་འཁྲུག་འགྲོ་ཡི་འདུག་ཅེས་གསུངས་སོང། ཡང་ཁོང་གིས་མུ་མཐུད་ནས། ང་ཚོས་སྒྱུར་བའི་སྐབས་ལ་དབྱིན་སྐད་ནས་རྒྱ་སྐད་དུ་བསྒྱུར་ཡོད་པ་དང། དེ་ནས་བོད་སྐད་དུ་བསྒྱུར་བ་སོགས་ལག་པ་གཉིས་པ་དང་གསུམ་པ་བྱས་ནས་སྐོར་ར་བརྒྱབ་ནས་ཡོང་དུས་ཡག་པོ་རང་ཡོད་མ་རེད། སྒྱུར་བའི་སྐབས་ལ་སྐད་ཡིག་དེ་དང་པོའི་འབྱུང་ཁུངས་གང་ཡིན་ན་དེ་ནས་བསྒྱུར་ན་ཡག་པོ་ཡོད་པ་རེད། དང་པོ་དབྱིན་སྐད་ནས་བྱུང་འདུག་གམ་ཡང་ན་སྐད་ཡིག་གཞན་ཞིག་ནས་བྱུང་འདུག  ཐོག་མ་བྱུང་སའི་སྐད་ཡིག་དེ་གཞིར་བཞག་ནས་བསྒྱུར་དགོས། སྒྱུར་པའི་སྐབས་ལ་འདོད་རྒྱལ་དང་རྗེས་གྲུབ་གང་གི་ཐོག་ནས་བསྒྱུར་ཡང་འགྲིག་གི་རེད་ཅེས་སོགས་གསུང་བཤད་གཟབ་རྒྱས་གནང་གྲུབ་རྗེས། ཚོགས་བཅར་བ་ཚོས་དྲི་བ་དང་བསམ་ཚུལ་བརྗོད་པ་སོགས་བྱས་ཏེ་བགྲོ་གླེང་མཇུག་བསྡུས་སོང་།།

Share this:
༧༧ ཀློག་གྲངས།