ཆབ་སྲིད་བཙོན་པ་སངས་དགའ་བཙོན་གྲོལ་ཐོབ།

ཟླ་འདིའི་ཚེས་༡༢ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་སངས་དགའ་རྒྱ་ནག་གིས་ཁྲིའུ་ཏུའུ་མེན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་པ་དང་། ཕྱི་ཚེས་༡༣ ཉིན་རྔ་བ་མི་མང་གིས་དགའ་བསུ་སྣེ་ལེན་གྱིས་ཐེའུ་ཆུང་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་འདུག

དེ་ཡང་འཆི་མེད་རྡོ་རྗེས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཆབ་སྲིད་བཙོན་ཟུར་སངས་དགའ་ནི་རྔ་བ་རྫོང་བར་མ་ཤིང་ཐེའུ་ཆུང་སྡེ་བའི་ཧོར་ཚང་གི་ཕ་ཀུན་ཁོ་དང་མ་ཕུན་ཚོགས་སྐྱིད་གཉིས་ལ་བུ་ཕྲུག་བཞི་ཡོད་པའི་གསུམ་པ་དེ་ཡིན་ཞིང་། ཆུང་དུས་རྔ་བ་རྟོགས་ལྡན་དགོན་གྱི་ཆོས་སྒོར་ཞུགས་ཏེ་བསླབ་པ་སློབ་གཉེར་སོགས་དགོན་སྡེ་དེའི་བྱེད་སྒོ་གང་ཡོད་ལ་བྱང་ཆུབ་པ་ཞིག་ཡིན་པ་མ་ཟད། ཤེས་ཡོན་དང་ཀུན་སྤྱོད་སོགས་ཀྱང་དགོན་པ་དེའི་ཚད་འཛིན་བྱེད་སའི་མི་སྤྱི་སེམས་ཅན་ཞིག་ཡིན་འདུག

ཕྱི་ལོ་༢༠༠༡ ཟླ་༡༡ པའི་ནང་རྔ་བ་རྫོང་དུ་ཁོང་གིས་བོད་རང་བཙན་གྱི་ཡི་གེ་སྦྱར་འགྲེམས་བྱས་པར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་ཁྲིམས་ཁང་ནས་( བུན་ཁྲན )ལོ་ངོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ་༢༠༠༤ ལོར་བཙོན་གྲོལ་ཐོབ།

ཕྱི་ལོ་༢༠༠༨ ལོར་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་ཟླ་༨ ཚེས་༡༣ ཉིན་སླར་ཡང་ཁུལ་དང་ཞིང་ཆེན་གྱི་ཉེན་རྟོག་རུ་ཁག་གིས་རྔ་བའི་ཇ་ཁང་ཞིག་ཏུ་གྲོགས་པོ་སྐོར་ཞིག་དང་ལྷན་དུ་ཡོད་སྐབས་འཛིན་བཟུང་བྱས་འདུག སྐབས་དེར་ཁོང་གི་སྲིང་མོའི་ཁྱོ་གའི་ལག་ཏུ་ཉེན་རྟོག་པས་ཡི་གེ་ཞིག་བཞག་ཏེ་འདི་ཧོར་ཚང་ལ་སྤྲོད་རོགས་ཞེས་ལབ་པ་ལས་གཞན་གར་སོང་ཆ་མེད་དུ་གྱུར་ཡོད། ཟླ་གཉིས་ཀྱི་རྗེས་ནས་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གསང་བའི་སྒོ་ནས་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁོང་གི་ཨ་མ་གཙོས་ནང་མི་གསུམ་ཙམ་ཐུག་འཕྲད་དུ་ཕྱིན་ཡོད་ན་ཡང་། ཁྲིམས་ཆད་ཀྱི་བརྒྱུད་རིམ་ཆ་ཚང་ཁ་གསལ་ཞིག་ཤེས་རྟོགས་བྱུང་མེད་པ་རེད། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༡༢ ཉིན་བོད་ནང་གི་ཞོགས་ཀའི་ཆུ་ཚོད་བདུན་པའི་སྟེང་ཁྲིའུ་ཏུའུ་མེན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་པ་དང་། དེ་རིང་ཕྱི་ཚེས་༡༣ ཉིན་རྔ་བ་མི་མང་གིས་དགའ་བསུ་སྣེ་ལེན་གྱིས་ཐེའུ་ཆུང་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༨ ཀློག་གྲངས།