ཨོ་རྩལ་འགྲན་ཚོགས་ནང་རྒྱུག་འགྲན་པ་མགྱོགས་ཤོས་ཀྱི་འཛམ་གླིང་ཟིན་ཐོ།

 

ཕྱི་ལོ་༢༠༡༦ ལོའི་ཨོ་ལིམ་པིག་རྩེད་འགྲན་ལ། ཇ་མེ་ཁའི་རྒྱུག་འགྲན་པ་ཡུ་སེན་བྷོལ་ཊེ་(Usain Bolt) ཡིས་མི་ཊར་༡༠༠ ཡི་རྒྱང་ཐག་ལ་སྐར་ཆ་༩.༨༡ ནང་བརྒྱུགས་ནས་གསེར་གྱི་རྟགས་མ་བླངས་འདུག

olympic2016དེ་ཡང་ལྷོ་ཨ་མི་རི་ཀའི་བྷེ་རལ་རྫེལ་གྱི་རྒྱལ་ས་རེའུ་ལ་འཚོགས་བཞིན་པའི་ཨོ་ལིམ་པིག་རྩེད་འགྲན་ཁྲོད། ཟླ་འདིའི་ཚེས་༡༥ ཉིན་ཕོའི་རྒྱང་ཐག་མི་ཊར་༡༠༠ ཡི་རྒྱུག་འགྲན་བྱས་ཡོད་པ་དང་། དེའི་ཁྲོད་རང་ལོ་༢༩ ཡིན་པའི་ཇ་མེ་ཀའི་རྒྱུག་འགྲན་པ་ཡུ་སེན་བྷོལ་ཊེ་ཡིས་གསེར་གྱི་རྟགས་མ་བླངས་འདུག ཁོང་གི་ད་བར་ཨོ་ལིམ་པིག་ཐེངས་གསུམ་གྱི་ནང་མི་ཊར་༡༠༠ ཡི་རྒྱུག་འགྲན་ལ་གསེར་གྱི་རྟགས་མ་བླངས་ཡོད་པས། ལོ་རྒྱུས་ནང་འཛམ་གླིང་གི་ཟིན་ཐོ་ཆགས་ཡོད་པ་རེད། ཐེངས་འདིའི་མགྱོགས་ཚད་དེ་ཁོ་རང་གིས་ཕྱི་ལོ་༢༠༠༩ ལོར་སྐར་ཆ་༩.༥༨ ནང་བརྒྱུགས་ནས་འཛམ་གླིང་ནང་ད་བར་མགྱོགས་ཤོས་ཀྱི་ཟིན་ཐོ་བཞག་པ་ལས་ཅུང་དལ་བ་ཆགས་ཡོད་པ་རེད།

ཁོང་གིས་ད་བར་ཨོ་ལིམ་པིག་ནང་གསེར་གྱི་རྟགས་མ་༧ བླངས་ཟིན་ཡོད་པ་དང་། ད་དུང་མི་ཊར་༢༠༠ དང་མི་བཞིའི་མི་ཊར་༡༠༠ ཡི་སྐོར་སྐྱོད་རྒྱུག་འགྲན་གཉིས་ནང་གསེར་གྱི་རྟགས་མ་ལེན་རྒྱུ་ཡིན་པར་མང་པོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ཀྱང་རྒྱུག་འགྲན་དེ་དག་གཉིས་ནང་རྒྱལ་ཁ་ལེན་རྒྱུའི་གདེངས་ཚོད་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་འཛམ་གླིང་གི་ཕུལ་བྱུང་རྩེད་འགྲན་(world championships)རྗེས་སུ་རྒྱུག་འགྲན་ནས་རྒས་ཡོལ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

olympic_2016ཕྱི་ལོ་༢༠༡༦ ལོའི་ཨོ་ལིམ་པིག་རྩེད་འགྲན་དེ་ཟླ་འདིའི་ཚེས་༥ ཉིན་ནས་འགོ་འཛུགས་བྱས་ཡོད་པ་དང་། དེ་གར་རྒྱལ་ཁབ་༢༡༨ མཉམ་ཞུགས་བྱས་ཡོད་པ་རེད་། ད་བར་རྩེད་འགྲན་གྱི་རྟགས་མ་མང་ཤོས་ལེན་མཁན་རྒྱལ་ཁབ་གསུམ་ནི་ཨ་རི་དང་། དབྱིན་ཡུལ། རྒྱ་ནག་བཅས་རེད་འདུག ཨ་རིས་གསེར་གྱི་རྟགས་མ་༢༦ དང་དངུལ་གྱི་རྟགས་མ་༢༡། ཟངས་ཀྱི་རྟགས་མ་༢༢ བཅས་ཁྱོན་བསྡོམས་པའི་རྟགས་མ་༦༩ བླངས་འདུག དབྱིན་ཡུལ་གྱིས་གསེར་གྱི་རྟགས་མ་༡༥ དང་དངུལ་གྱི་རྟགས་མ་༡༦། ཟངས་ཀྱི་རྟགས་མ་༧ བཅས་ཁྱོན་བསྡོམས་རྟགས་མ་༣༨ བླངས་འདུག དེ་བཞིན་རྒྱ་ནག་གིས་གསེར་གྱི་རྟགས་མ་༡༥ དང་དངུལ་གྱི་རྟགས་མ་༡༣། ཟངས་ཀྱི་རྟགས་མ་༡༧ བཅས་ཁྱོན་བསྡོམས་རྟགས་མ་༤༥ བླངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༠༦ ཀློག་གྲངས།