རྒྱ་གར་རང་བཙན་ཉིན་མོར་ཁོར་ཡུག་གཙང་བཟོའི་ལས་འགུལ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཀྲ་ཀའི་རྒྱལ་ས་སྦེང་ལོར་རྒྱ་གར་གྱི་རང་བཙན་དུས་དྲན་ཐེངས་བདུན་ཅུ་པའི་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ། སྦེང་ལོར་གྲོང་ཁྱེར་གྱི་ཁྲོམ་ལམ་མི་འདུས་འཛོམས་ཆེ་ས་དང་། རྒྱལ་སའི་དབུས་ཁུལ་ལ། སྦེང་ལོར་བོོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་གོ་སྒྲིག་འོག མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་མ་སུམ་ཅུ་སོ་གྲངས་ཞིག་གིས་འཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

unnamedསྦེང་ལོར་ས་གནས་གཞོན་ནུའི་ཚོགས་གཙོ་དཀོན་མཆོག་རིན་ཆེན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཁོར་ཡུག་གཙང་བཟོའི་ལས་འགུལ་དེ་སྤེལ་དོན། ད་ལྟ་བར་དུ་རྒྱ་གར་གཞུང་མང་གཉིས་ནས། བོོད་པ་དཀའ་ངལ་དང་ཛ་དྲག་གི་གནས་སྟངས་འདི་འདྲ་ཞིག་གི་འོག་ལ་སྐྱབས་བཅོལ་གཞན་དང་མི་འདྲ་བ་མཐུན་རྐྱེན་འཛོམས་པོ་འདི་འདྲ་གནང་བ་དང་། གཉིས་ནས་རྒྱ་གར་གྱི་རྒྱལ་ཁབ་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདི་ལ་དཀའ་ལས་ཆེ་ཤོས་ནི་གཙང་མ་བཟོ་རྒྱུ་དེ་ཡིན་པས། རྒྱ་གར་གྱི་མི་མང་ལ་ཚོར་སྣང་གསར་པ་ཞིག་དང་། བརྡ་ལན་ཞིག་གཏོང་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
bang12ལས་འགུལ་དེ་སྤེལ་སྐབས་ཁོང་ཚོས་གྱོན་གོས་སེར་པོ་གྱོན་པ་དང། རྒྱབ་ལ་༧སྐྱབས་མགོན་རིན་པོ་སྐུ་པར་དེ་དང་མཉམ་དུ་ལ་རྒྱ་གར་མི་མང་ལ་བཀའ་དྲིན་ཆེ། རང་བཙན་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞེས་པའི་ཡི་གེ་ཞིག་བྲིས་ཡོད་པ་རེད། དེ་ནས་བོད་ཀྱི་རྒྱ་དར་དང་རྒྱ་གར་རྒྱ་དར། གཞོན་ལྷན་དར་ཆ་བཅས་འཕྱར་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་། སྐབས་དེར་རྒྱ་གར་མི་མང་ཁ་ཤས་ཀྱིས་ཁོང་ཚོར་ཁྱེད་རང་ཚོས་ག་རེ་བྱེད་ནས་གཙང་མ་བཟོ་བ་ཡིན་ཞེས་དྲིས་ཡོད་པ་དང་།  ལས་འགུལ་བ་ཚོས་ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་བསྡད་ཡོད་པས། རྒྱ་གར་གྱི་བཀའ་དྲིན་དྲན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞུ་ཆེད་དུ་གཙང་མ་བཟོ་རུ་ཡོང་བ་ཡིན་ཞེས་བཤད་སྐབས། ཁྱེད་ཚོས་ང་ཚོར་ཚོར་སྣང་གསར་པ་ཞིག་སྤྲད་སོང་། ཐུགས་རྗེ་ཆེ་ཞེས་ལབ་པ་དང་། དེའི་ནང་ནས་སྤོ་པོ་ལོ་དྲུག་བཅུ་ཡས་མས་ཤིག་གིས། རང་བཙན་གྱི་ཉིན་མོར་འདི་ལ་རང་བཙན་གྱི་འཐབ་རྩོད་པ་གྷན་དྷི་དང་ནེ་ཧ་རུ་གཙོ་བོ་གྱུར་པའི་དཀའ་ལས་བརྒྱབ་པ་དེའི་རིན་ཐང་རྟོགས་མཁན་མང་པོ་ཡོད་མ་རེད། ཁྱེད་རང་ཚོས་རང་བཙན་ཉིན་མོའི་རིན་ཐང་རྟོགས་འདུག་ཅེས་དགའ་པོ་བྱས་ཡོད་འདུག དེ་བཞིན་ཁག་ཅིག་གིས་བོད་མི་ཚོར་ཁྱེད་རང་ཚོ་ཉི་ཧོང་བ་ཡིན་པེ། ཉི་ཧོང་པ་དེ་ཚོ་རིན་མེད་ཐོག་ཁོར་ཡུག་གཙང་མ་བཟོ་ཡག་ལ་དོ་སྣང་ཤུགས་ཆེ་པོ་འདུག་ཅེས་ལབ་ཡོད་པ་དང་། ཁོང་ཚོས་ང་ཚོ་བོད་པ་ཡིན་ལབ་དུས། ཨོ་བྱས་ན་ཏཱ་ལའི་བླ་མའི་མི་ཡིན་པ་རེད། དངོས་གནས་རིན་མེད་ཐོག་ཁོར་ཡུག་གཙང་མ་བཟོ་བ་དེ་ལ་ཐུགས་རྗེ་ཆེ་ཡོད་འདུག  །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༢ ཀློག་གྲངས།