རྒྱ་གར་གྱི་སྦེ་ག་རྩེད་འགྲན་པ་བུད་མེད་ཅིག་ལ་ཟངས་ཀྱི་རྟགས་མ་ཐོབ་པ།

ཕྱི་ལོ་༢༠༡༦ ལོའི་ཨོ་རྩལ་འགྲན་ཚོགས་ནང་རྒྱ་གར་གྱི་བུད་མེད་ཅིག་ལ་སྦེ་ག་རྩེད་འགྲན་ཁྲོད་ཨང་རིམ་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་དང་། དེ་ནི་འདི་ལོའི་ཨོ་རྩལ་འགྲན་ཚོགས་ནང་རྒྱ་གར་ལ་རྟགས་མ་ཐོབ་པ་དང་པོ་དེ་ཆགས་ཡོད་པ་རེད།
14081243_1232601320097068_1112385367_nདེ་ཡང་ཟླ་འདིའི་ཚེས་༡༧ ཉིན་ལྷོ་ཨ་མི་རི་ཀའི་བྷེ་ར་ཛིལ་གྱི་རྒྱལ་སར། བུད་མེད་ཀྱི་སྦེ་ག་རྩེད་འགྲན་གྱི་ཨང་རིམ་གསུམ་པའི་འགྲན་སྡུར་ནང་རྒྱ་གར་གྱི་སག་ཤཱི་མ་ལིག་དང་ཁིར་གྷེ་སི་ཐན་གྱི་ཨི་སུ་ལུ་Aisuluu Tynybekova   གཉིས་བར་ཤུགས་ཚད་འགྲན་ནས་མཐའ་མའི་རྒྱལ་ཁ་དེ་རྒྱ་གར་གྱི་སག་ཤཱི་ཡི་ལ་ཐོབ་ཡོད་འདུག

དེ་ཡང་ལོ་འདིའི་ཨོ་རྩལ་རྩེད་འགྲན་ཁྲོད། རྒྱ་གར་གྱི་རྩེད་འགྲན་པ་ཡག་ཤོས་རྣམས་ཀྱིས་རྒྱལ་ཁ་ལེན་ཐུབ་མེད་ཁར། ཁ་ཤས་ཨང་རིམ་བཞི་པ་ཆགས་ནས་རྟགས་མ་ཐོབ་མེད་པ་དང་། རྒྱ་གར་བ་མང་པོ་ཐེངས་འདིའི་ཨོ་རྩལ་ལ་རེ་ཐང་ཆད་ནས་བསྡད་ཡོད་པའི་སྐབས། ཟླ་འདིའི་ཚེས་༡༧ ཉིན་གྱི་རྟགས་མ་དེས་རྒྱ་གར་བརྒྱུད་ལམ་ཁག་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ཏུ་སག་ཤཱི་ལ་དགའ་བསུ་ཞུ་བཞིན་འདུག

རྒྱ་གར་གྱི་སྦེ་ག་རྩེད་མོ་བ་སག་ཤཱི་མ་ལིག་ནི་རྒྱ་གར་ཧ་རི་ཡ་ན་མངའ་སྡེ་ནས་ཡིན་པ་དང་། མོ་ལ་ཐེངས་འདིར་རྒྱལ་ཁ་ཐོབ་པ་ནི་ལོ་ངོ་༡༢ རིང་མོ་རང་གིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཡིན་སྐོར་བརྗོད་འདུག སྤྱིར་བཏང་བྱས་ན་མངའ་སྡེ་དེར་ཕྲུ་གུ་བུ་མོ་སྐྱེས་མ་ཐག་གསོད་པའི་ལུགས་སྲོལ་ཆེན་པོ་ཡོད་ཁར། བུད་མེད་སྦེ་ག་རྩེ་བར་འགོག་རྐྱེན་ཆེན་པོ་ཡོད་འདུག་ཀྱང་། མོའི་ཕ་མས་མི་གཞན་གྱི་སྐད་ཆ་ལ་མ་ཉན་པར་མོའི་སྦེ་ག་རྩེ་བའི་འདུན་པར་རྒྱབ་སྐྱོར་བྱས་ཡོད་འདུག

ཁོ་མོས་ཕྱི་ལོ་༢༠༡༤ ལོའི་ཨེ་ཤེ་ཡའི་སྦེ་ག་རྩེད་འགྲན་ནང་ཟངས་ཀྱི་རྟགས་མ་དང་། ལོ་དེའི་དབྱིན་ཡུལ་གྱི་མངའ་ཁོངས་སུ་བསྡད་མྱོང་བའི་རྒྱལ་ཁབ་ཁག་གི་རྩེད་འགྲན་ཁྲོད་དངུལ་གྱི་རྟགས་མ་བླངས་ཡོད་འདུག དེ་བཞིན་མོ་རང་ཨོ་རྩལ་ནང་རྒྱ་གར་གྱི་བུད་མེད་ཀྱིས་སྦེ་གའི་རྩེད་འགྲན་ནང་རྟགས་མ་ལེན་མཁན་ཐོག་མ་དེ་ཆགས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༥ ཀློག་གྲངས།