༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྗེས་དྲན་གྱི་མཛད་སྒོ།

༡༩༡༠ ལོར་རྒྱ་ནག་མན་ཇུའི་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན། བོད་ཀྱི་དབུ་ཁྲིད་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་དུ་ཉེན་ཡོལ་དུ་ཕེབས་ནས་ལོ་བརྒྱ་འཁོར་ཡོད་པ་དང། དེ་རྗེས་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་རྒྱ་ནག་གི་དབང་འོག་ཏུ་ཤོར་ནས་ལོ་ངོ་༥༠ ཧྲིལ་པོ་འཁོར་ཡོད་པ་རེད། ཐེངས་འདིའི་རྗེས་དྲན་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང། སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་འཛོམས་ནས་༸གོང་ས་བཅུ་གསུམ་པ་ཆེན་པོའི་བླ་མེད་མཛད་རྗེས་ལ་ཡི་རངས་དང་ཕྱིར་དྲན་གུས་བརྩི་ཆེན་པོའི་ཐོག་གནང་ཡོད་པ་རེད། དང་ཐོག་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་དང། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། བོད་མི་སྤྱི་འཐུས་རྣམ་པས་༸གོང་ས་མཆོག་གི་བཞུགས་ཁྲི་ལ་མཇར་དར་ཕུལ་རྗེས། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་མི་མང་ཡོངས་ཀྱིས་རྒྱལ་གླུ་བླངས། དེ་ནས་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དང། གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རིང་ལ་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་དང་འབྲེལ་བའི་སྐུ་ངལ་ལ་གདོང་ལེན་མཛད་ཕྱོགས། དགའ་ལྡན་ཕོ་བྲང་གི་གཞུང་དེ་ཕྲ་ཚུགས་དང་རང་བཙན་གཙང་མ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཞི་མཐུན་གྱི་འབྲེལ་བ་མཉམ་གནས་ཐུབ་པའི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་པ་དེ་དག་ལ་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་དང། ཁོང་གིས་མུ་མཐུད་༸གོང་ས་ལྔ་པ་ཆེན་པོས་བོད་ཆོལ་གསུམ་ཡོངས་ལ་དབང་བསྒྱུར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་དེ་༸གོང་ས་ལྔ་པ་ཆེན་པོའི་ཐུགས་དགོངས་བཞིན་མ་འགྲུབ་པར་ཕྱི་ནང་གི་འགལ་རྐྱེན་མང་པོ་ལ་བརྟེན་ནས་༸གོང་ས་སྐུ་ཕྲེང་དྲུག་པ་དང་བདུན་པ་བརྒྱད་པ་སོགས་ཀྱི་སྐབས་སུ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཉམས་དམས་སུ་ཆགས་རྗེས། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་མཛད་འཕྲིན་རྒྱ་ཆེན་པོ་སྐྱོང་བའི་སྐོར་གསུང་དོན། ཕྱི་ལོ་༡༩༠༤ ལ་དབྱིན་ཇིས་བཙན་འཛུལ་དང། ༡༩༡༠ ལོར་མན་ཇུའི་དམག་གིས་བཙན་འཛུལ་བྱས་པའི་དབང་གིས་༸གོང་ས་མཆོག་རྒྱ་ནག་དང་རྒྱ་གར་ལ་དུས་ཚོད་མང་པོའི་རིང་བཙན་བྱོལ་ཕེབས་དགོས་བྱུང་བ་རེད། རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་རྗེས་སུ་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང། རྒྱ་གར་དབྱིན་ཇི་གཞུང་དང་རྒྱ་ནག་བོད་བཅས་བར་གྱི་འབྲེལ་ལམ་བསྐྱར་གསོ་ལ་སོགས་པའི་ཉེར་ལེན་མང་པོ་ཞིག་གི་ཐོག་ནས་༡༩༡༢ ནས་བཟུང་༡༩༥༡ བར་ས་ཁྱོན་གྱི་ཆ་ནས་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་རྫོགས་པ་ལ་དབང་བསྒྱུར་མ་ཐུབ་པ་ཡིན་ན་ཡང། ས་ཁྱོན་ཇི་ཙམ་གྱི་ཐོག་ལ་དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བྱས་པའི་ས་ཁྱོན་དེ་ཚོ་བདེ་སྐྱིད་ལ་དཔལ་ལ་རོལ་ཐུབ་པ་ཞིག་དང། ལྷག་པར་དུ་༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ནང་ནས་ཆབ་སྲིད་ཀྱི་མཛད་འཁུར་རྒྱུན་རིང་ཤོས་ཀྱི་ཐུགས་འགན་བཞེས་ནས་༡༩༡༢ ལོར་རྒྱ་དམག་མཐར་བསྐྲོད་བཏང་བའི་རྗེས་སུ་བོད་རང་བཙན་གྱི་གནས་བབ་བསྐྱར་དུ་གསལ་བཤད་གནང་བ་ལ་སོགས་པའི་རླབས་ཆེན་གྱི་མཛད་རྗེས་བསམ་གྱིས་མི་ཁྱབ་བསྐྱངས་པའི་བཀའ་དྲིན་ཡོད་བསྡད་པ་ཞིག་རེད་ཅེས་དང། བཙན་བྱོལ་བོད་གཞུང་གི་ངོས་ནས་གལ་གནད་ཆེ་བའི་བྱུང་རབས་ཀྱི་དོན་སྙིང་དེ་དག་ལ་ལོ་༡༠༠ འཁོར་བའི་དུས་དྲན་སྔོན་མ་ནས་བྱེད་པའི་ལམ་སྲོལ་ཡོད་པ་ཞིག་རེད། དེར་བརྟེན་དེ་རིང་༢༠༡༠ ཕྱི་ཟླ་༢ ཚེས་༢༥ ནས་བཟུང་སྟེ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་དུས་དྲན་གྱི་མཛད་རིམ་དེ་རྒྱུན་མཐུད་ནས་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྣ་ཚོགས་ཀྱི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་དེ་ལྟར་ཡིན། ཕྱི་ཟླ་༢ པའི་༢༥ དེ་༸གོང་ས་མཆོག་བོད་ནས་ཕེབས་ཐོན་གྲུབ་རྗེས། མན་ཇུའི་གཞུང་གིས་ཏཱ་ལའི་བླ་མའི་མཚན་གནས་ནས་གནས་དབྱུངས་བཏང་བའི་གསལ་བསྒྲགས་བྱས་པའི་ཉིན་མོ་དེ་ཁེལ་གྱི་ཡོད་རེད། འཛམ་གླིང་ཡོངས་ཀྱིས་༸གོང་ས་མཆོག་བོད་ལ་བཞུགས་མེད་པར་རྒྱ་གར་དབྱིན་གཞུང་ལ་སྐྱབས་བཅོལ་དུ་ཕེབས་པའི་གནས་ཚུལ་ཧ་གོ་བའི་ཉིན་དེ་རིང་ཆགས་ཀྱི་ཡོད་རེད། ཕོ་བྲང་ནས་ཕེབས་ཐོན་གནང་བའི་ཉིན་མོ་དེ་ཚོད་དཔག་བྱས་ན་༢༡ དང་༢༢ གཡས་གཡོན་ལ་ཁེལ་གྱི་ཡོད་རེད། དེ་རིང་ཁ་སང་གི་ལོ་རྒྱུས་ཀྱི་དེབ་ཐེར་དེ་ཚོའི་ནང་མི་འདྲ་བ་སྣ་ཚོགས་བཀོད་འདུག ལྷག་པར་དུ་ཕྱི་རྒྱལ་གྱིས་བྲིས་པ་ཚོའི་ནང་དུ་ཚེས་༡༢ དང་༢༠ སོགས་འདྲ་མིན་བྲིས་པ་རྣམས་ལ་ཆ་མ་བཞག་པར་ཚེས་༢༥ དེ་༸གོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཡོངས་ཁྱབ་གསལ་བསྒྲགས་བྱས་པའི་ཉིན་མོ་དེར་གཞི་བྱས་པ་ཡིན། དེ་རིང་ནས་མགོ་བཙུགས་ཏེ་༢༠༡༠ ནང་དུ་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་སྣ་ཚོགས་སྤེལ་རྒྱུའི་བསམ་བློ་ཡོད། ༸གོང་ས་མཆོག་ལོ་གཉིས་ཙམ་གྱི་རིང་རྒྱ་གར་བཀའ་བློན་སྦུག་དང་རྡོ་རྗེ་གླིང་ལ་བཞུགས་པ་ཡིན་སྟབས་ས་གནས་དེ་གཉིས་དང། ཀ་ལི་ཀ་ཏ་རུ་རྗེས་དྲན་བྱེད་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་སོང།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་སྒྲོགས་སྦྱང་གནང་དོན།  ༡༩༡༡ ལོའི་རྒྱ་ནག་ནང་འཁྲུགས་དུས་འགྱུར་དབང་གིས་བཙན་འཛུལ་བ་བོད་ནང་ཡོོད་པའི་རྒྱའི་དཔོན་དམག་རྣམས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གཅིག་ཀྱང་མ་ལུས་པར་རིམ་གྱིས་མཐར་བསྐྲད་ཐོག་རྒྱ་གར་ནས་བོད་དུ་ཕྱིར་ཕེབས་ཀྱིས་༡༩༡༢ ཆུ་བྱི་ཟླ་༡༢ ཚེས་༡༦ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་རྩེ་ཕོ་བྲང་པོ་ཏ་ལར་གཟིམ་ཆུང་ཉི་འོད་ཀྱི་གསེར་ཁྲི་མཐོན་པོར་ྋཞབས་སོར་འཁོད། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡོན་ཧྲིི་ཁེས་མཚན་གནས་ཕུལ་བ་མ་བཞེས་པ་དང༌། ཆུ་གླང་ཟླ་༡ ཚེས་༨ ཕྱི་ལོ་༡༩༡༢ ཟླ་༢ ཚེས་༡༣ ཉིན་བོད་ཀྱི་ཆབ་འབངས་ཡོངས་ལ་རྒྱལ་ཁབ་བརྟན་སྲུང་དང་བླང་དོར་བྱེད་སྒོའི་སྦུག་དམ་རྩ་ཚིག་དོན་ཚན་ལྔ་ཅན་ཞིག་གསལ་བསྒྲགས་བསྐྱངས་པའི་ནང་དོན་བོད་འདི་ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས། རང་ས་བརྟན་སྲུང་ཐུབ་པ་དང༌། རྒྱ་ནག་ནས་མ་བདག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་ལས་རང་ས་རང་སྐྱོང་དང༌། རང་སྡེ་རང་སྲུང་འཁུར་ལེན་བྱེད་དགོས་པ་བཅས་གསལ་ཡོད་པ་དང༌། དེ་སྔོན་ཆུ་བྱི་ཟླ་༡༢ ཚེས་༤ ཉིན་བཞག་པའི་སོག་བོད་ཆིངས་ཡིག་ནང་ཕན་ཚུན་རང་དབང་རང་བཙན་ཡིན་པ་གསལ་པོར་འཁོད་པས་རང་དབང་སླར་གསོ་གནང་ཡོད། དེ་བཞིན་༡༩༡༤ ཟླ་༧ ཚེས་༣ ཉིན་བོད་རང་བཙན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་དབྱིན་བོད་རྒྱ་གསུམ་དབར་བཞག་པའི་ས་མཚམས་ཀྱི་ཆིངས་ཡིག་ཀྱང་བོད་རང་བཙན་གཙང་མ་ཡིན་པའི་དན་རྟགས་ཡིན།
མདོར་ན་ྋམགོན་པོ་གང་གིས་བོད་བསྟན་སྲིད་ཀྱི་དོན་དུ་གནའ་རབས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་དར་རྒྱས་དང་དེང་རབས་ཀྱི་ཡར་རྒྱས་འཛུགས་སྐྲུན་རྒྱ་གང་ཆེ་གསར་གཏོད་མཛད། བོད་ལྗོངས་ཡོངས་ལ་ཆབ་སྲིད་ཀྱི་ཐོག་ནས་བོད་རང་དབང་རང་བཙན་གནས་ཐུབ་པ་དང་སྤྱི་ཚོགས་ཁྲོད་བོད་མི་རྣམས་བདེ་དགེས་ཡོངས་སུ་འཚོ་ཐུབ་པ་བྱུང་ཡོད། དེ་ལྟ་ནའང་རྒྱལ་དབང་མཆོག་གི་དགོངས་པ་ཅི་ཡོད་ཇི་བཞིན་མགོན་པོ་གང་གི་སྐུ་དུས་སུ་སྒྲུབ་མ་ཐུབ་པའི་གནས་སྟངས་ཁག་ཅིག་བྱུང་ཡོད་པ་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱི་དངོས་ཡོོད་གནས་སྟངས་ལ་གཞིགས་ཏེ་༡༩༣༢ ཆུ་སྤྲེལ་ལོར་ཞལ་གདམས་ནང་བོད་མི་ཚོས་རང་དབང་རང་ལག་ཏུ་ཡོད་སྐབས་ཆོས་དང་ཆབ་སྲིད་ཀྱི་བྱེད་སྒོ་ཁུར་དུ་མ་བླངས་ན་ཆག་སྒོ་ཇི་ཆགས་ཀྱི་གནས་སྟངས་ཞིབ་ཕྲ་མ་འོངས་གསལ་གཟིགས་ཀྱི་བཀའ་འདོམས་ངོ་མཚར་ཅན་ཞིག་གནང་ཡོད་རུང༌། དེའི་རྗེས་སུའང་བོད་མི་འགོ་ལས་སེར་སྐྱ་ཡོངས་ཀྱིས་ྋརྒྱལ་བའི་བཀའ་བཞིན་མ་བསྒྲུབས་པས་ད་ལྟ་ང་ཚོ་སླར་ཡང་བཙན་བྱོལ་དུ་གྱར་དགོས་པའི་གནས་སྟངས་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། དུས་ད་ལྟའང་ང་ཚོ་བཙན་བྱོལ་དུ་གནས་ཡོད་ནའང་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་པ་སྔར་བྱུང་མ་མྱོང་བ་འཛམ་གླིང་ཡོངས་སུ་གྲགས་པ་སྐུ་འཚོ་བཞུགས་སྐབས་སུ་ཁོང་གི་དགོངས་གཞི་ལྟར་གཞིས་བྱེས་བོད་མི་ཚང་མས་རང་ཁུར་རང་ལེན་གྱི་ནུས་པ་གཅིག་ཏུ་སྤུངས་ནས་མ་ལན་མ་འགྱོད་མེད་པ་བྱ་རྒྱུ་ནི་བོད་ཀྱི་བདེན་མཐའ་གསལ་ཏེ་རང་ཡུལ་དུ་ཕྱིར་ལོག་མ་བྱུང་བར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཞལ་གདམས་དུས་ད་ལྟའང་སེམས་ལ་བཅང་ཐོག་སྤང་བླངས་མ་འཛོལ་བ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཞེས་སོགས་རྒྱལ་དབང་བཅུ་གསུམ་པའི་མཛད་འཕྲིན་ཁག་སྒྲོགས་སྦྱངས་གནང་རྗེས་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།།

Share this:
༡༧༡ ཀློག་གྲངས།