བོད་ཀྱི་སྐད་བརྡ་རིག་པའི་ཕུང་པོ་དང་དམའ་རིམ་རྩོམ་རིག་གསལ་ཆའི་དཔྱད་ཞིབ་ཀྱི་འཕྲོས་དོན།

 དགེ་མང་ཟླ་བ།

འགོག་ཐབས་ཁག་པའི་དུས་ཀྱི་རྣམ་འགྱུར་འདིས་འཇིག་རྟེན་ཧྲིལ་བོ་ཕན་ཚུན་བར་འཁྲུག་ཆ་དོད་པོ་དང་ཤེས་རྟོགས་གསར་པའི་ཤུགས་སྟོབས་ཚད་རིམ་མཐོན་པོར་སླེབས་བཅུག་པས་ཉིན་རེའི་སྐར་ཆའི་མཆོངས་ལྡིང་གི་འགུལ་སྐྱོད་ལའང་།  མིའི་རིགས་ཀྱི་འཚོ་གནས་དང་དེའི་ཉེ་བའི་ཡུལ་ལུགས་གཤིས་གོམས་རྣམས་མི་འབོར་མང་ཉུང་དང་།   ཁྲོམ་ར་ཆེ་ཆུང་། ཁེ་བཟང་ཡག་སྡུག  ཟླ་ཕོག་མཐོ་དམན་སོགས་ལྟོས་དབང་གིས་གཅུན་པ་ན།  ལྟར་སྣང་གི་མང་གཙོ་དང་རིག་གཞུང་སྲུང་སྐྱོབ།  འཛམ་གླིང་ཞི་བདེ།  སྨྲ་བརྗོད་རང་དབང་།    འགྲོ་བ་ཐུན་མོང་གི་རང་དབང་ཐོབ་ཐང་ཞེས་པ་ནི་ཚིག་ཇ་དང་ཨ་རག་འཐུང་སྐབས་ལྟ་བུའི་སྣང་བ་སྐྱིད་བྱེད་ཀྱི་ཆིག་ལབ་ཙམ་ལས།   དོན་དུ་སྐད་ཡིག་དང་ཆོས་ལུགས་ལྟ་གྲུབ།  དེའི་རྗེས་འབྲང་དང་བཅས་པ་ཤུགས་དྲག་གི་འགལ་འདུའི་བར་འདི་ནས་ཁྱོད་ཤི་ང་གསོན་སྟེ། དམག་ཆེན་གཉིས་པ་ལྟ་བུའི་རིག་གནས་ཀྱི་བཙན་རྒོལ་བྱེད་བཞིན་ཡོད་པ་དང་སྒོར་ཤུགས་ཀྱིས་གཉའ་གནོན་སྤྲོད་ཀྱི་ཡོད་པས།   དེའི་ཁྲོད་ཀྱི་བོད་ཀྱི་སྐད་ཡིག་ནི་ཉེན་ལྡན་སྐད་ཡིག་གི་གྲས་སུ་ཚུད་ཚར་བ་སྟེ།     གནམ་བསྐོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་གི་གདོང་ལ་འཛུབ་མོ་ཀེར་ནས་“ཁྱོད་ནི་འཆི་ལ་ཉེའོ་ཞེས་”ཉེན་བརྡ་དང་བཅས།  ནད་པ་ཚབ་ཆེན་དང་སྨན་པ་མཁས་པ་འཕྲད་པ་ལྟ་བུའི་ཁོ་ཐག་བཅད་ཚར་བ་མ་ཟད།  བོད་ཕྱི་ནང་གཉིས་ཀས་ཨ་མ་ཞེས་འབོད་པའི་མ་ཡུམ་རྗེ་བཙུན་པདྨ་གང་གིས་ཀྱང་།  “བོད་ཡིག་གིས་ལྟོ་མི་སྤྲད།”ཅེས་གསུངས་བས་བོད་ཀྱི་ཕ་སྐད་མ་ཡིག་ལ་རེ་ལྟོས་བྱེད་མཁན་གྱི་བརྒྱ་ཆ་ལྡབ་མང་པོར་མར་བཅག་པ་དང་དུས་མཚུངས། དེའི་ཚེ་སྲོག་གི་ཉེན་ཁ་ལ་ཐབས་ཇུས་འཐེན་མཁན་ལྷག་བསམ་ཅན་གྱི་ཉུར་སྐྱོབ་རུ་ཁག་གི་བརྒྱ་ཆ་ཡར་འཕར་བཞིན་པའི་ཛ་དྲག་པའི་གནས་བབས་ཞིག་ཀྱང་རེད།

དེ་ཡང་སྐད་བརྡའི་དཔྱད་ཞིབ་ཚན་རིག་སྨྲ་བ་རྣམས་ཀྱིས་གསུངས་པ་ལྟར་ན།  འཛམ་གླིང་ནང་སོ་སྐྱེས་སྐད་དང་བསྟན་བཅོས་ཀྱི་སྐད་བརྡའི་བར་ཆེས་ཐག་རིང་ཤོས་ཀྱི་སྐད་ཡིག་གཉིས་ནི་རང་རེ་བོད་ཀྱི་སོ་སྐྱེས་སྐད་དང་བསྟན་བཅོས།    དེ་བཞིན་ཨ་རབ་ཀྱི་ཡུལ་སྐད་དང་ཁོ་པ་ཚོའི་དཀོན་ཅོག་གི་གསུངས་རབ་བར་གྱི་རྒྱང་ཐག་དང་ཧེ་བག་དེ་རེད་ཟེར།

སྤྱིའི་ཆ་ནས་བོད་ཀྱི་ཡིག་རྨོངས་སེལ་ཐུབ་མིན་ནི་དམའ་རིམ་རྩོམ་རིག་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་འཆར་ཅན་རིམ་ལྡན་གྱི་སློབ་དེབ་གཏན་འབེབས་ཐུབ་མིན་གྱིས་ཚད་འཛིན་བྱས་ཡོད།    སོ་སྐྱེས་སྐད་དཀྱུས་མ་དང་བསྟན་བཅོས་ཀྱི་སྐད་བརྡ་རིག་པའི་ཕུང་བོའི་བར་ལ་ཧེ་བག་ཆེན་པོ་ཡོད་རྐྱེན་བོད་ལ་དེབ་ཀློག་པ་པོའི་གྲངས་འབོར་གྱི་བརྒྱ་ཆའི་རིམ་པ་དམའ་བ་དང་དེ་ལ་ལྟོས་པའི་རང་བཞིན་གྱི་གོམས་ཤུགས་ཧ་ཅང་གཞན།

མཁས་དབང་དང་རྩོམ་པ་པོ་སྐད་བརྡ་རིག་པའི་ཞིབ་འཇུག་ཆེད་ལས་པ་སུ་གང་གིས་བོད་ཀྱི་མ་སྐད་ཉེན་ལྡན་སྐད་ཡིག་གི་གནས་སྟངས་འདི་ལས་དགྲོལ་དགོས་ན་དང་པོ་སོ་སྐྱེ་དང་འཚམ་པའི་དམའ་རིམ་རྩོམ་རིག་གི་གསལ་ཆའི་ལམ་རིམ་གུད་ཡངས་དུ་འགྲོ་བར་འབད་དགོས་པ་ལས།  སོ་སྐྱེ་ཡིག་རྨོངས་བའི་ངོར་ལ་སྒྱུ་རྩལ་སོགས་མཐོ་རིམ་རྩོམ་རིག་དང་བསྟན་བཅོས་ཀྱི་སྐད་བརྡ་རིག་པའི་ཕུང་པོའི་ཚིག་ཤུགས་གང་ཆེ་རྣམས་སྤྱད་ནས། བཀའ་སློབ་དང་། སློབ་གསོ།  བརྩམས་ཆོས། ཁོག་སྟོང་ཁ་རྒྱག་གི་ཤོག་ཉོབ་ཅི་ལྟར་སྤེལ་ཡང་གཞི་རིམ་ཡིག་རྨོངས་ཀྱི་སྟོང་ཆ་ལ་ཕན་པ་ཆེར་མེད་པར་མ་ཟད་རྒྱ་ཆེའི་བོད་ཡིག་ཀློག་པ་པོའི་སེམས་ཤུགས་དང་སྤྲོ་སྣང་འཕེལ་བའི་ཟློག་ཟླར་གྱུར་བཞིན་གདའ།

བོད་ཀྱི་སྐད་ཡིག་སློབ་གསོ་བ་དང་སུ་དག་སྤྱི་ཚོགས་སྣེ་ཁྲིད་ཀྱི་གོ་གནས་འགན་འཛིན་པ་རྣམས་ཀྱི་བརྩམས་ཆོས་དང་དེའི་སྟོང་ཆ་ཆེས་ཤོས་ནི་ཡིག་རྨོངས་པ་དག་ལ་ག་རེ་དགོས་མིན་དང་གང་དག་འཚམ་མིན་གལ་ཆེན་དུ་མི་བརྩི་བར་བརྒྱ་ཆ་མང་ཆེ་བས་བསྟན་བཅོས་སྐད་ཐོག་ནས་ཡིག་རྨོངས་པའི་ཁྲོད་དུ་འུར་རྒྱག་པ་དང་སྦོམས་བཤད་བྱེད་རྒྱུ་དེ་ཡིན།  དེ་བས་བོད་ཡིག་ནི་ཤེས་མཁན་གྱིས་ཚད་མཐོན་པོར་ཤེས་དགོས་པ།  མི་ཤེས་མཁན་གྱིས་ཚིག་གྲུབ་གཅིག་གི་ནང་དོན་ཙམ་ལ་རྦད་དེ་མགོ་ཐོམ་འགྲོ་བ་ནི་བསྟན་བཅོས་ཀྱི་སྐད་བརྡ་ཤུགས་ཆེ་བའི་ལམ་ནས་བྲིས་པ་ཡིན་སྟབས་ཡིག་རྨོངས་པ་ལ་རང་བཞིན་གྱིས་དེབ་ཀློག་སྤྲོ་མེད་པའི་དཀའ་ཁག་ཅིག་འཕྲད་གྱི་འདུག

དུས་རབས་ཉེ་ཤུའི་ལོ་རབས་བཅུ་བཞིའི་ནང་<ཨ་མེ་རི་ཀས་རྩོམ་རིག་གི་གསལ་ཆ་འཇལ་བ>འི་གོ་རིམ་ཁྲོད་ཆེད་ལས་པས་ཨ་རིའི་དཔེ་ཚགས་ཡོངས་རྫོགས་”འཛིན་རིམ་བཅུ་ཅིག་ནས་བརྒྱད་པའི་བར་དུ་མར་ཕབས”དགོས་པའི་གནད་དོན་དེ་ཡང་སྐབས་དེའི་ཨ་རིའི་དཔེ་ཚོགས་རྣམས་ཀློག་པ་པོ་”སྤྱི་ཡོངས་ཀྱི་ཤེས་ཚད་ལས་འཛིན་རིམ་ལྔ་ཙམ་གྱིས་མཐོ་དྲག་ཡོད་པ་ར་སྤྲོད་བྱུང་”བས་ཡིན།

འོ་ན། ཐབས་ལམ་ཅི་ལྟ་བུ་ལ་རྟེན་ནས་”དམའ་རིམ་རྩོམ་རིག་གི་གསལ་ཆ་”འཇལ་དགོས་ཞེ་ན།  ཐ་སྙད་རྒྱུག་ཆེ་ཆུང་གི་དབང་ཚན་དུ་བྱས་པའི་དམའ་རིམ་རྩོམ་རིག་སྤེལ་དགོས་ལ་དེ་ནི་ད་ལྟའི་བོད་ཀྱི་ཡིག་རྨོངས་བ་ལ་མེད་དུ་མི་རུང་བ་ཐབས་ལམ་ཁོ་ན་ཡིན།    དེ་སྤེལ་བ་ལ་དང་པོ།  ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་པ་སྟེ་རྒྱུན་ལྡན་གྱི་མི་རྣམས་ཀྱིས་གོ་བ་ལོན་ཐུབ་པའི་སོ་སྐྱེས་ཀྱི་སྐད་དང་བསྟན་བཅོས་ཀྱི་སྐད་གཉིས་ཀས་གྲུབ་པ་དང་དེའི་ཁར་ཚིག་མཛོད་གསར་པ་རྣམས་ལས་དྲངས་བའི་དེང་དུས་ཀྱི་བྱ་དངོས་གསར་པའི་མིང་རྣམས་འཁོད་པའི་སྣ་འཛོམས་རང་བཞིན་ཅན་གྱི་དམའ་རིམ་རྩོམ་རིག་གི་ཁྱབས་ཁོངས་རྒྱ་ཆེ་རུ་གཏོང་རྒྱུ་དེ་ཡིན།   དེ་ཡང་།  ཐ་སྙད་རྒྱུག་ཆེ་ཆུང་གི་གསལ་ཆ་རྟགས་པའི་མཉེན་ཆས་དང་རྩིས་འཕྲུལ་ལ་ཁུངས་གཏུག་པ་ལས་རྩོམ་པ་པོ་སྒེར་གྱི་ཤེས་ཚད་དབང་ཚན་དུ་བྱས་ནས་བྲིས་པ་ཡིན་ན་གསལ་ཆ་རྟགས་པའི་མཉེན་ཆས་དང་དཔྱད་ཞིབ་ཀྱིས་བསྡུས་པའི་རྒྱུག་ཆེ་བའི་མིང་ཚིག་དང་ཐ་སྙད་ཀྱི་ར་བ་ལས་བརྒལ་སྲིད་པས་རྩིས་འཕྲུལ་གྱིས་ཐག་གཅོད་ལམ་ནས་དམའ་རིམ་རྩོམ་རིག་ཡིན་མིན་རྟགས་ཐུབ་པ་ལས་རྩོམ་པ་པོ་གང་ཟག་གིས་རྒྱུག་ཆེ་བ་གང་ཡིན་དང་མི་ཆེ་བའི་ཐ་སྙད་གང་མིན་དཔྱོད་མི་དགོས།

དེང་སང་བོད་ཀྱི་ཡིག་རྨོངས་སེལ་ཆེད་དུ་སྤེལ་གྱིན་པའི་རྩོམ་རིག་དང་སློབ་གསོ་མཐའ་དག་ནི་དམངས་གཞིའི་ཡི་གེ་འབྲི་ཀློག་གི་དཀའ་ཁག་གི་གནས་སྟངས་འོག་དུ་ཡོད་པའི་་ཀློག་པ་པོའི་ཤེས་ཚད་དང་ཁྱོན་ནས་བསྟུན་མེད་པར་མཁས་དབང་སོགས་མཐོ་རིམ་ཀློག་པ་པོའི་ཤེས་ཚད་ངོམ་སའི་ཁྲོམ་ར་ཞིག་ལས་མ་འདས་པས་ན།  ཆེ་གེ་མོ་སྒེར་གྱི་གནས་ཚད་དང་འཚམ་པའི་མཐོ་རིམ་ཀློག་དེབ་ཀྱིས་གཞི་རྩའི་ཡིག་རྨོངས་བའི་རྩོམ་རིག་གི་གསལ་ཆའི་གནད་དོན་ད་དུང་ཐག་གཅོད་མི་ཐུབ། ཡིག་རྨོངས་པའི་འདོད་བློ་དང་རན་པའི་དམའ་རིམ་རྩོམ་རིག་གི་གསལ་ཆ་འཇལ་བྱེད་ནི།   རྩོམ་པ་པོ་མི་སྒེར་གྱི་བསམ་བློའི་གོ་གནས་དང་ཚོར་བའི་དབང་དུ་གཏང་བའི་བསྟན་བཅོས་སྐད་ཀྱི་མཐོ་རིམ་བརྩམས་ཆོས་མང་ཉུང་མིན་པར་མང་ཚོགས་ཐུན་མོང་གིས་གོ་ཐུབ་པ་དང་རྒྱུག་ཆེ་བའི་ཆེས་སྤྱིར་གཏང་གི་ཐ་སྙད་ལམ་ནས་བྲིས་པའི་དམའ་རིམ་རྩོམ་རིག་གི་གསལ་ཆ་རྒྱ་ཆེ་རུ་གཏོང་ཐུབ་མིན་ལ་རག་ལས་པ་དེ་ཡིན།

ལོ་ཙ་བ་ཐོན་མི་སམ་བྷོ་ཊས་སྲོང་ཙན་སྒམ་པོར་ཕུལ་བའི་ཡིག་ཕུད་ཤིས་ཚིག་སྟེ།  “ཞལ་རིས་གསལ་ལ་རང་མདངས་གང་བ་བཟང་།” ཞེས་པའི་གྲགས་ཅན་བརྩམས་ཆོས་དེར་མཚོན་ན་གང་ཉིད་ཀྱིས་ཆེས་སྤྱིར་བཏང་གི་མི་རྣམས་ཀྱིས་གོ་བའི་དམའ་རིམ་རྩོམ་རིག་གི་ཁྱབ་ཁོངས་ནས་བྲིས་གནང་མཛད་པ་འདིའི་དགོངས་དོན་གཙོ་བོ་ཡང་སོ་སྐྱེས་སྐད་བརྡ་རིག་པ་སྟེ་དམའ་རིམ་རྩོམ་རིག་གི་གསལ་ཆ་ནི་ཀློག་པ་པོ་སྤྱི་ཡོངས་ལ་གལ་འགངས་ཆེ་བ་ཡིན་པ་ཤུགས་ཆེན་བསྟན་ཡོད།

སྐབས་དེ་དུས་བོད་དུ་རྩོམ་རིག་དར་མེད་ཀྱང་ལོ་ཙ་བ་ཐོན་མི་གང་ཉིད་ཀྱིས་རྒྱ་གར་གྱི་མཁས་པའི་དབང་པོ་མང་པོར་བསྟེན་པས་ཚད་མཐོའི་རྩོམ་རིག་འབྲི་མ་ཐུབ་པ་དང་ཤུགས་རྐྱེན་མ་ཐེབས་པས་ག་ལ་ཡིན། གསར་དུ་བསྣན་པའི་ཡི་གེ་དྲུག་ཀྱང་ཁ་རོག་ལམ་འགྲོ་བ་དང་སྐད་ཆ་བཤད་སྐབས་སོགས་དང་བསྟུན་ནས་བསྡུས་པའི་ཡི་གེ་ཡིན་པ་ནི་སྐད་ཡིག་གི་རྨངས་གཞི་ངོ་མ་དེ་དམའ་རིམ་ནས་ཡར་དར་དགོས་པ་ཞིག་ཡིན་པ་ལས་མཐོ་རིམ་ནས་མར་རྒྱུད་སྤྲོད་བྱེད་དགོས་པ་ཁོ་ན་རང་མིན་པའི་ཚོད་དུ་གདའ་སྙམ་མོ།།

བགྲོད་དཀའི་ལམ་འཕྲང་རལ་གྲིའི་ཚལ་དུ་ངལ་བའི་རྔུལ་ཆུའི་མུ་ཏིག་གཏོར་ཞིང་གཞན་ཕན་བརྩེ་བས་འདྲེན་པའི་སྤོབས།
ཕྱེ་ཀླུང་རེག་བྱའི་ཚ་གདུང་རྒལ་ཡང་མགྲིན་པའི་པདྨོ་ཞོམ་ཞིག་ཡོངས་བྲལ་མི་དབང་སྲོང་བཙན་ཟླ་བསིལ་བཞད།  །
དུག་སྦྲུལ་གཙུག་གི་ནོར་བུའི་འོད་སྣང་འཛིན་པར་མི་འཇིག་གཞན་དྲིང་མི་འཇོག་དཔྱོད་སྟོབས་གོ་ཆ་བགོས་པ་ཡི།  །
ས་ཡ་དྲུག་གི་སྨྲ་བའི་སྒྲ་དབྱངས་དར་དཀར་ཡུག་གཅིག་མདངས་སུ་སྐྲུན་མཁས་ཡབ་རྗེ་ཐོན་མི་རྒྱལ་གྱུར་ཅིག།  ཅེས་<འབྲོག་བདག>གི་བུ་རབས་ཚ་རྒྱུད་འཛིན་པ་དགེ་མང་ཟླ་བས་ལས་བྲེལ་གྱི་བར་གསེང་ནས་ཟིན་བྲིས་ཀྱི་ཚུལ་དུ་སྤེལ།    8/7/2016

Share this:
༤༠ ཀློག་གྲངས།