བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པའི་ཚོགས་འདུ།

ཚེས་༢༦ ཉིན་གྱི་ཞོགས་པའི་མཛད་སྒོའི་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་བཤད་ལམ་སྟོན་ཞིབ་ཕྲ་གནང་བ་དང། ལྷག་པར་དུ་ལས་བྱེད་ཚོའི་གླ་ཕོགས་སྐོར་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་ལས་བྱེད་པ་རྣམས་དང་བླངས་ཀྱིས་ཡོང་བ་ཞིག་ཏུ་ངོས་འཛིན་པ་ལས། ནུབ་ཕྱོགས་སུ་འགྲོ་བའི་འབབ་སྟེགས་ལྟ་བུ་དང། ལས་གླ་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། མི་ཞིག་གིས་ལས་ཀ་བྱེད་སྐབས་དེའི་གྲོད་ཁོག་མ་གཏོགས་ཙམ་དང་རྒྱབ་མ་འཁྱག་ཙམ་ཡོང་བ་ཞིག་ཏུ་དམིགས་ནས་གླ་ཆ་དེ་དག་བཀོད་བསྒྲིགས་བྱས་པ་ཞིག་རེད་ཅེས་སོགས་གསུངས་སོང།
ཉིན་གཉིས་རིང་ཚོགས་ཆུང་ཁག་བཅུ་ལ་བགོས་ནས་འཆར་སྣང་བསྡུ་ལེན་བྱས་པའི་སྐོར། ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བཀའ་ཤག་ངེས་མེད་སྡེ་ཚན་གྱི་དྲུང་ཆེ་བཀྲ་ཤིས་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན། ཉིན་གཉིས་རིང་ཚོགས་ཆུང་ཆ་བགོས་ཀྱིས་དགོངས་འཆར་བསྡུས་ནས་མཐའ་མཇུག་བསམ་ཚུལ་ཕྱོགས་བསྡོམས་དེ་བཀའ་ཤག་ལ་ཡར་འབུལ་རྒྱུ་རེད། སྤྱིར་བཏང་བསམ་ཚུལ་དེ་འཛིན་སྐྱོང་གི་ཡར་རྒྱས་དང། སྔོན་མ་ལོ་ལྔ་བཅུའི་ནང་དུ་སྐྱོན་ཆ་ག་རེ་ཡོད་མེད་དང། མ་འོངས་པའི་ལོ་ལྔ་བཅུའི་ནང་དུ་ང་ཚོའི་རྩ་དོན་དང་འབྲེལ་བའི་སྐོར་ལ་གཞུང་ཞབས་ཀྱི་ཐོག་ནས་ལས་ཀ་ག་རེ་བྱེད་དགོས་པ་དང། གཞུང་གི་ངོས་ནས་ལམ་སྟོན་གསར་པ་ག་རེ་གནང་དགོས་ཀྱི་འདུག ཆབ་སྲིད་དང་ཆོས་ཕྱོགས་དང་སྐུ་ཕྱྭའི་སྐོར་གྱི་བསམ་འཆར་འདྲ་མིན་བྱུང་སོང། བསམ་ཚུལ་ཤུགས་ཆེ་བ་འཛིན་སྐྱོང་དང། གཞིས་ཆགས་སྲ་བརྟན། ཤེས་ཡོན་ཡར་རྒྱས། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐབས། བོད་རྒྱ་ཞི་མོལ་གྱི་སྐོར་བཅས་རེད། བསམ་ཚུལ་དག་ཕྱོགས་བསྡོམས་བྱས་ནས་ཡིག་ཐོག་ཏུ་གཞི་ནས་འབེབ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བྱུང། བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པའི་ཚོགས་འདུ་དེར་ལས་བྱེད་པ་བགྲེས་གཞོན་བསྡོམས་༤༠༠ མ་ཟིན་ལྷན་འཛོམས་བྱུང་ཡོད་པ་རེད།།

Share this:
༧༠ ཀློག་གྲངས།