དུས་རབས་༢༡ པ་དེ་སྡུག་བསྔལ་རང་བཞིན་ཅན་གྱི་དུས་རབས་ཤིག་ཆགས་སྲིད།

༧གོང་ས་མཆོག་གིས་དུས་རབས་༢༠ པའི་མིའི་བསམ་བློ་གཏོང་སྟངས་དང་བྱེད་སྟངས་དེ་མུ་མཐུད་ནས་ཕྱིན་ན། དུས་རབས་༢༡ པ་དེ་མིས་བཟོས་པའི་སྡུག་བསྔལ་རང་བཞིན་ཅན་གྱི་དུས་རབས་ཤིག་ཆགས་རྒྱུ་ལས་གཞན་མེད་སྐོར་གྱི་བཀའ་སློབ་གནང་སོང་།

hhdalailama_2016དེ་ཡང་ཟླ་བ་འདིའི་ཚེས་༢༩ ནས་ཉིན་གྲངས་བཞིའི་རིང་། ཨིནྜི་ནི་ཞིས་ཡ་དང་ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་བཅས་ནས་ཇི་ལྟར་གསོལ་བ་བཏབ་སྟེ་གོ་སྒྲིག་ཞུས་པ་བཞིན། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལེའུ་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་དབུ་འཛུགས་གནང་སོང་། ཉིན་གསུམ་ལ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དང་། ཉིན་བཞི་པར་གོ་སྒྲིག་ཚོགས་ཆུང་གིས་གསང་སྔགས་ཀྱི་དབང་གང་རུང་ཞིག་གནང་རྒྱུའི་གསོལ་བ་བཏབ་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་ག་གང་རུང་ཞིག་གི་ཐོག་ནས་དབང་ཞིག་གནང་རྒྱུ་རེད་འདུག ད་ཐེངས་ཀྱི་གསུང་ཆོས་ལ་གྲྭ་བཙུན་ཆོས་ཞུ་བ་༡༡༨༩ དང་། ཀོ་རི་ཡ་དང་། མ་ལེ་ཤི་ཡ། སིངྒ་པོར། ཐའེ་ལན་ཌི་གཙོས་པའི་ཕྱི་རྒྱལ་ཆོས་ཞུ་བ་༡༠༥༥། བོད་རིགས་མི་མང་༡༨༠༨དང་། རྒྱ་གར་བ་ ༤༡༥། རྒྱ་ནག་རང་ནས་ཡོང་བའི་མི་༢༩ བཅས་ཁྱོན་ཆོས་ཞུ་བ་༤༥༠༠ ལ་ཉེ་བ་འཛོམས་འདུག ཕྱི་རྒྱལ་ཆོས་ཞུ་བའི་ནང་ནས་མང་ཆེ་བ་ནི་ཨ་རི་དང་། ཨི་ཛི་རིལ། ཨོ་སི་ཁྲོ་ལི་ཡ་ནས་རེད་འདུག

ཐོག་མར་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་མང་ཚོགས་ཀྱིས་ཇོ་མགུར་དང་། སྤོས་འདྲེན་གྱིས་༧གོང་ས་མཆོག་ཐེག་ཆེན་ཆོས་གླིང་དུ་གདན་ཞུས་བྱས་ཡོད་པ་དང་། དེ་རྗེས་༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་བཤད་དུ། དེ་རིང་འདིར་འཛམ་གླིང་ལྷོ་ཤར་གྱི་ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་ནས་དད་ལྡན་མི་མང་ཕོན་ཆེན་པོ་ཞིག་འཛོམས་ཡོད་རེད། ལོ་ཤས་ཀྱི་སྔོན་ནས་འཛོམས་རྒྱུ་འགོ་བཙུགས་པ་རེད་དེ། ལོ་རེ་ནས་ལོ་རེར་དོ་སྣང་བྱས་ནས་འདིར་འཛོམས་མཁན་མང་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང་། ཁྱོད་རང་ཚོར་འགྲིམ་འགྲུལ་དང་སྡོད་ས་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ལས་ཡོད་ནའང་། དོ་སྣང་ཆེན་པོས་འདིར་ཕེབས་པར་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ཅེས་དད་ལྡན་མི་མང་ལ་འཚམས་འདྲི་དང་བསྒྲགས་ལྷོ་ཤར་གྱི་ཆོས་ཞུ་བ་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། སྟོན་པ་སངས་རྒྱས་ཀྱིས་ཐོག་མར་བདེན་བཞིའི་མདོ་གཙོ་བོར་གྱུར་པའི་འདུལ་བའི་ཆོས་གསུང་པ་རྣམས་པཱ་ལིའི་ནང་ཡོད་པ་དང་། ལོ་རྒྱུས་ཀྱི་བྱུང་རིམ་ཐོག་ནས།  པཱ་ལིའི་ཐོག་ཡོད་པའི་གཞུང་རྣམས་སྔ་ཤོས་ཆགས་ཀྱི་ཡོད་པས་རིམ་པ་དང་པོ་དང་། ལེགས་སྦྱར་ཐོག་ཡོད་པའི་གཞུང་རྣམས་རིམ་པ་གཉིས་པ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དང་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་གིས་གསུང་དོན་དུ། དུས་རྒྱུན་དུ་དཔེ་ཆ་དེ་རྩ་བ་ཆེན་པོ་རེད། བྱིན་རླབས་ཆེན་པོ་རེད་ཅེས་སྨོན་ལམ་རྒྱག་སའི་ཚུལ་དུ་མ་བཞག་པ་བྱས། དཔེ་ཆ་དེ་ཀློག་དེབ་རང་ལ་བརྩིས་ནས་དུས་ནས་དུས་སུ་ཀློག་སྟེ་དེའི་ཐོག་བསམ་བློ་བཏང་། ཁོམ་པ་བྱུང་དུས་བྱང་ཆུབ་སེམས་འབྱུང་གི་སྐོར་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལ་སོགས་པ་ལྟ་ཀློག་ཐུབ་པ་བྱུང་ན་ཡག་པོ་ཡོད་རེད་ཅེས་དང་། དབུ་མ་རིན་ཆེན་ཕྲེང་བ་དེ་རྒྱལ་པོར་སྤྲིངས་པའི་འཕྲིན་ཡིག་ལྟ་བུའི་ལམ་ནས་ནང་ཆོས་ངོ་སྤྲོད་ཀྱི་རིམ་པ་དང་། ལག་ལེན་གྱི་རིམ་པ་གཉིས་ཀ་ལྡན་མཁན་ཞིག་རེད་ཅེས་གསུངས་སོང་།

ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་༧གོང་ས་མཆོག་གིས་གསུང་དོན་དུ། ད་ལྟ་དུས་རབས་༢༡ ལ་སླེབས་ཟིན་པ་དང་། ཕྱིའི་དངོས་པོའི་ཐད་ནས་འཛམ་བུ་གླིང་ཡར་རྒྱས་ཚད་མཐོན་པོར་སླེབ་པ་དང་དུས་མཚུངས་སུ། འཚོ་བའི་མཐུན་རྐྱེན་དང་ཤེས་ཡོན་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རུང་། མིའི་ཀུན་སློང་དེ་སྔར་གྱི་མི་གསོད་ཁྲག་སྦྱོར་བྱེད་རྒྱུས་མཚོན་པའི་གཅིག་གིས་གཅིག་ལ་ཐུབ་ཚོད་དང་། མགོ་སྐོར་གཏོང་བ་སོགས་ད་དུང་ཤུགས་ཆེན་པོ་ཡོད་དུས། གནོད་འཚེ་དང་བསམ་ངན་བྱེད་རྒྱུའི་ཆ་རྐྱེན་སྟབས་བདེ་རུ་སོང་ནས་དངངས་སྐྲག་བྱེད་དགོས་པ་སོགས་ཀྱི་དབང་གིས་སྔར་ལས་སྡུག་ཏུ་ཕྱིན་པའི་ཟོལ་འདུག སྔར་ལོ་རྒྱུས་ཀྱི་ཐོག་ནས་འཛམ་བུ་གླིང་འདིར་འཁྲུག་རྩོད་ཤུགས་ཆེན་པོ་བྱུང་ཡོད་པ་དང་། ལྷག་ཏུ་དུས་རབས་ཉི་ཤུའི་ནང་འཛམ་གླིང་དམག་ཆེན་གཉིས་དང་། ཀོ་རི་ཡའི་དམག་འཁྲུག ཝེ་ཏི་ནམ་དམག་འཁྲུག་གཙོས་པའི་དམག་འཁྲུག་ཤུགས་ཆེན་བརྒྱབས་ཀྱང་། དེ་བརྒྱུད་ནས་བདེ་སྐྱིད་དང་ཞི་བདེ་ཐོབ་ཀྱི་མེད་པས། ཡུ་རོབ་དང་ཨེ་ཤི་ཡ་སོགས་འཛམ་གླིང་གི་ས་ཆ་ག་ས་ག་ནས་འཁྲུག་རྩོད་མེད་པ་ཞིག་བྱུང་ན་བསམ་ནས་རེ་རྒྱག་མཁན་མང་དུ་འགྲོ་ཡི་ཡོད་རེད་ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་དུས་རབས་༢༠ པའི་མིའི་བསམ་བློ་གཏོང་སྟངས་དང་། བྱེད་སྟངས་དེ་མུ་མཐུད་ནས་ཕྱིན་ན་དུས་རབས་༢༡ པ་དེ་སྡུག་བསྔལ་རང་བཞིན་ཅན་གྱི་དུས་རབས། དེ་ཡང་མིས་བཟོས་པའི་སྡུག་བསྔལ་རང་བཞིན་ཅན་གྱི་དུས་རབས་ཤིག་ཆགས་རྒྱུ་ལས་གཞན་མེད་སྐོར་སོགས་གསུངས་སོང་ལ། བར་གསེང་སྐབས་དད་ལྡན་མི་མང་དང་ཐད་ཀར་དྲི་བ་དྲིས་ལན་ཡང་གནང་སོང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༧ ཀློག་གྲངས།