མ་འོངས་པའི་འོས་བསྡུའི་སྐོར་ལ་བགྲོ་གླེང།

ཚེས་༢༧ གྱི་ཉིན་མི་མང་ལ་བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་ཚོགས་པ་ངོ་སྤྲོད་དང་འབྲེལ་བགྲོ་གླེང་དེའི་དམིགས་ཡུལ་སྐོར་གསུང་དོན། འདས་པའི་ལོ་༣༠ ནང་ང་ཚོས་འཐུས་ཤོར་མང་པོ་ཕྱིན་ཡོད་པ་རེད། ལྷག་པར་མི་རིགས་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གསོ་སྐྱོང་མ་ཐུབ་པའི་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་རེད། རྒྱུ་མཚན་འདི་འདྲའི་ཐོག་༢༠༡༡ ལོའི་བོད་མི་མང་སྤྱི་འཐུས་དང་བཀའ་ཁྲིའི་འོས་བསྡུ་ནི་སྔར་ལས་ལྷག་པའི་གལ་ཆེན་པོ་ཆགས་ཡོད་པ་རེད། ༢༠༡༡ ལོའི་གལ་ཆེའི་རང་བཞིན་ཐོག་བགྲོ་གླེང་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་རྗེས་བགྲོ་གླེང་དངོས་སུ་འགོ་འཛུགས་བྱས་སོང་།
བགྲོ་གླེང་གཏམ་བཤད་པ་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས། འབྱུང་འགྱུར་གྱི་བཀའ་སྤྱིའི་འོས་འདེམས་ཚད་ལྡན་ཡོང་མིན་ནི་མི་མང་གིས་ཆ་ཤས་ལེན་མིན་ལ་རག་ལས་ཡོད་པ་རེད། ༸གོང་ས་མཆོག་གིས་མི་མང་ལ་འགན་དབང་གནང་བ་བཞིན། ང་ཚོ་མང་གཙོའི་སྦྱོང་བརྡར་རང་ལ་འབད་དགོས་ཀྱི་འདུག་ཅེས་གཏམ་བཤད་སྤེལ་སོང་། དེ་ནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། ང་ཚོ་མི་མང་གིས་རིན་པ་གང་ཡང་མ་སྤྲད་པའི་མང་གཙོའི་རིན་ཐང་ཤེས་པའི་ཐོག་ནས་མང་གཙོའི་ཆ་ཤས་ལེན་དགོས་ཀྱི་འདུག འབྱུང་འགྱུར་ཀྱི་བཀའ་ཁྲི་འོས་འཚམས་ཤིག་ཡོང་མིན་དེ་མི་མང་གི་ལག་པས་གྲ་སྒྲིག་དགོས་ཀྱི་འདུག་ཅེས་གསུངས་སོང་ལ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ཀྱིས། ༸གོང་ས་སྐྱབས་མགོན་ཆེན་པོས་༡༩༦༠ རེ་གྲངས་ནང་། དུས་ཚོད་དང་ཛ་དྲག་དཀའ་ངལ་ལ་མ་འཛེམས་པར། བོད་ཆོལ་གསུམ་གཅིག་སྒྲིལ་གྱིས་མང་གཙོའི་ངོ་བོའི་ཐོག་བཙན་བྱོལ་གཞུང་འདི་བཙུགས་པ་རེད། མང་གཙོ་ཚད་ལྡན་ཡག་པོ་ཡོང་མིན་དེ་ང་ཚོ་མི་མང་གིས་འགན་ཁུར་མིན་ལ་རག་ལས་ཡོད་པས་མང་གཙོའི་གོ་རྟོགས་དགོས་པ་དང། མི་མང་གིས་ཐོབ་ཐང་རྩོད་པ་བཞིན་འགན་ཁུར་བྱེད་དགོས་ཀྱི་ཡོད་རེད། སྤྱི་འཐུས་ཡང་༸རྒྱལ་བའི་བཀའ་སྒྲུབ་མཁན་དང་མི་མང་བློ་ཕམ་དུ་མི་འཇུག་མཁན། བཀའ་ཁྲི་ཡང་རང་ཚུགས་ཐུབ་པ་དང་ཆབ་སྲིད་གོ་རྟོགས་ལྡན་པའི་སྙིང་སྟོབས་ཅན་ཞིག་འདེམས་དགོས་ཀྱི་འདུག་ཅེས་གསུངས་སོང། གཞོན་ལྷན་གྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས། ང་ཚོས་ལོ་ངོ་༥༠ ནང་རྒྱ་ནག་ལ་མང་གཙོའི་ལྟ་གྲུབ་དང་མང་གཙོའི་གཞུང་འདི་ངོམ་སོ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ང་ཚོའི་འགོ་ཁྲིད་སུ་འདྲ་ཞིག་ཡིན་ཡང་མི་མང་གིས་འོས་འདེམས་བྱེད་ཀྱི་ཡོད་པས་དོན་ལ་གནས་པ་ཞིག་རེད། ཡིན་ན་ཡང་ད་དུང་སྲོལ་རྒྱུན་གྱི་བསམ་བློ་ཅན་དང། མང་གཙོ་ཁ་འཁྱེར་བ་ཚོ་དང་མི་མང་གིས་༸གོང་ས་མཆོག་གི་བཀའ་དགོངས་ལག་བསྟར་མ་ཐུབ་པ་དང། གྲོས་ཚོགས་སུ་གྲོས་ཆོད་འཇོག་མ་ཐུབ་པའི་གནས་ཚུལ་ཡོད་པ་རེད་ཅེས་དང། མི་མང་གིས་འཐེན་འཁྱེར་དང་ཕྱོགས་རེས་མིན་པའི་འོས་བསྡུས་ཆ་ཤས་ལེན་དགོས་ཀྱི་རེད་ཅེས་སོགས་གསུངས་སོང་། དེ་རྗེས་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས། ང་ཚོས་ག་རེ་བཤད་ཀྱང་ང་ཚོའི་ཆབ་སྲིད་པ་ཚོས་ལག་བསྟར་བྱེད་ཀྱི་མ་རེད། བཤད་ནས་ཕན་ཐོགས་ཀྱི་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག་ཅེས་དང་། ད་ལྟ་གོང་གི་བཤད་མཁན་ཚང་མས་༸གོང་ས་མཆོག་གི་གསོལ་རས་གནང་བ་དང་བཀའ་དྲིན་ཁོ་ན་རེད་ཅེས་གླེང་སོང་། དེ་རེད། ཡིན་ཡང་ང་ཚོའི་མང་གཙོའི་བརྒྱུད་རིམ་ཁྲོད་རྒྱལ་གཅེས་པ་དང། ཤེས་ཡོན་ཅན་མང་པོ་ཞིག་གིས་དཀའ་ངལ་དང་བློས་བཏོང་བྱས་ཡོད་པ་ཡང་བརྗེད་ཉན་གྱི་མ་རེད་ཅེས་སོགས་གསུངས་སོང།
དེ་ལྟར་བགྲོ་གླེང་གཏམ་བཤད་པ་རྣམས་ཀྱིས་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གྲུབ་རྗེས་ཕན་ཚུན་དྲི་བ་དྲིས་ལན་གྱིས་བགྲོ་གླེང་ལྷུག་པོ་བྱས་སོང་ལ། མི་མང་ལ་དྲིས་ལན་ཡང་གནང་སོང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ད་ཐེངས་ཀྱི་བགྲོ་གླེང་འདི་ནི་ཚོགས་པ་དེའི་ལོ་རྒྱུས་རང་བཞིན་ལྡན་པའི་བགྲོ་གླེང་ཞིག་ཡིན་ཞེས་དང་འདི་ལོའི་སྤྱི་ཟླ་གསུམ་པའི་ཟླ་མཇུག་ཙམ་ལ་བཀའ་ཁྲིའི་འོས་གཞི་ཁག་ཅིག་ཀྱང་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་སོང་།།
མེ་སོར་གསར་འགོད་པས།

Share this:
༡༦ ཀློག་གྲངས།