གཞོན་ལྷན་གྱི་རྒྱུན་ལས་གསར་འདེམས་དང་ཚོགས་ཆེན་མཇུག་བསྡོམས།

གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་དྷ་རམ་ས་ལའི་ཤོད་ཀྱི་རྒྱ་གར་གྲོང་སྡེ་ལས་ཁང་གི་ཚོགས་ཁང་དུ་ཉིན་དྲུག་རིང་འཚོགས་པ་དང་། ཉིན་མཐའ་མར་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་ཆོད་བཞག་པ་དང་། སྐབས་བཅུ་དྲུག་པའི་རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད།

IMG_0491
གཞོན་ལྷན་གྱི་སྐབས་༡༦ པའི་སྤྱི་ཁྱབ་རྒྱུན་ལས།

རྒྱུན་ལས་བཅུ་འོས་འདེམས་བྱས་རྗེས། རྒྱུན་ལས་རྣམས་ཀྱིས་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ཀྱི་འོས་མི་བཀྲམ་པ་དང་། ཚོགས་ཞུགས་པས་འོས་འཕངས་ཏེ། ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལ་འོས་༨༧ དང་། ཚོགས་གཞོན་རྟ་མགྲིན་སྲིད་ཆོས་ལ་འོས་༨༦། དྲུང་ཆེ་བཀྲ་ཤིས་ལམ་བཟང་ལ་འོས་༨༦ བཅས་ཐོབ་སྟེ་བསྐྱར་དུ་ཚོགས་གཙོ་གཞོན་དྲུང་ཆེ་བཅས་ལ་འཁོད་ཡོད་པ་རེད། གཞོན་ལྷན་གྱི་སྒྲིག་གཞིའི་དགོངས་དོན་ལྟར་དེའི་སྔོན་གྱི་ཚོགས་ཆེན་དང་ཡང་ན་འགན་འཛིན་ལྷན་ཚོགས་ཐོག་ས་གནས་ཀྱི་རྒྱུན་ལས་མི་སུ་གཅིག་བཅར་མེད་ན། ཐེངས་འདིའི་ཚོགས་ཞུགས་པར་འོས་འཕེན་གྱི་ཐོབ་ཐང་མེད་པས། ཚོགས་བཅར་བའི་ནང་ནས་ས་གནས་ཁག་ཅིག་ལ་ད་ཐེངས་འོས་འཕེན་རྒྱུའི་གོ་སྐབས་མེད་པ་རེད། འོས་ཤོག་གཉིས་རྩིས་མེད་དང་བརྒྱད་ཀྱིས་འོས་ཤོག་སྟོང་པར་བཞག་ཡོད་པ་རེད། དེ་མིན་གྱི་རྒྱུན་ལས་ལ་བཀྲ་ཤིས་དོན་འགྲུབ་དང་། ངག་དབང་བློ་བཟང་། ཚེ་དབང་སྒྲོལ་མ་བཅས་བསྐྱར་འདེམས་དང་། གསར་པ་ཉི་མ་ཆོས་འཛོམས། སྤེན་པ་ཚེ་རིང་། བཀྲ་ཤིས་དར་རྒྱས། བདེ་སྐྱིད་ལྷ་ས་བ་བཅས་འཁོད་ཡོད་པ་རེད།

IMG_0492
ཚོགས་གཞོན་རྟ་མགྲིན་སྲི་ཐར། ཚོགས་གཙོ་བསྟན་འཛིན་འཇིགས་མེད། དྲུང་ཆེ་བཀྲ་ཤིས་ལམ་བཟང་།

རྒྱུན་ལས་གསར་པ་རྣམས་ཀྱིས་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས་རྗེས། གཞོན་ལྷན་ཚོགས་གཙོས་ཚོགས་ཞུགས་པར་གཏམ་བཤད་གནང་དོན། “རྒྱུན་ལས་ཚང་མས་སེམས་ནང་འཇོག་དགོས་པ་དེ་ང་ཚོའི་སྒྲིག་འཛུགས་དང་སྤྱི་ཚོགས། འཐབ་རྩོད་བཅས་ད་བར་གནས་པ་དེ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཡིན་པ་གསལ་པོ་རེད། དེར་བརྟེན་ང་ཚོས་སྐད་ཆ་བཤད་ནའང་རེད། ལས་འགུལ་སྤེལ་ནའང་རེད། ༧རྒྱལ་བ་རིན་པོ་ཆེ་གོང་དུ་བཀུར་བའི་ཐོག་ནས་བྱེད་དགོས་པ་གལ་ཆེ་ཤོས་རེད། དེ་རིང་གྲོས་ཆོད་བཞག་ཡོད་པ་རེད་ལ། ༧རྒྱལ་བ་རིན་པོ་ཆེར་གཞི་མེད་ཀྱིས་བསྐྱོད་བརྗོད་བྱེད་མཁན་ཚོར་སྒྲིག་འཛུགས་འདིའི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོ་རྒྱུན་ལས་ཡིན་པས་ཉི་མ་ནས་ཉི་མ་དང་། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བྱས་ཏེ་ལས་ཀ་བྱེད་དགོས་པ་ཐུགས་ལ་བཞག་ནས། ལོ་གསུམ་ནང་ཧུར་ཐག་བྱེད་དགོས་པ་གལ་ཆེ་ཤོས་རེད་ལ། ང་ཚོ་ཚང་མས་དེ་བྱེད་རྒྱུ་ཡིན་ཞུ་རྒྱུ་ཡིན། མཐའ་དོན་དེར་བོད་ལ་རང་དབང་རང་བཙན་ཐོབ་ནས་༧རྒྱལ་བ་རིན་པ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
ཕྱི་ཟླ་༨ ཚེས་༢༩ ནས་ཕྱི་ཟླ་༩ ཚེས་༣ བར་གྱི་ཚོགས་ཆེན་ཐོག གྲོས་གཞི་དོན་ཚན་ཆེ་ཁག་དགུ་བཞག་ཡོད་པ་དང་། གྲོས་གཞི་དོན་ཚན་དང་པོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་གཤེར་གནང་རྒྱུ།
གྲོས་གཞི་དོན་ཚན་གཉིས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༥པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ་ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་གཞི་དོན་ཚན་གསུམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས།དེ་བཞིན་རྒྱ་གཞུང་གིས་མི་སེར་སྤེལ་བའི་ངན་ཇུས་དང་། གཏེར་ཁ་སྔོག་འདོན་སོགས་བོད་ཀྱི་ངོ་བོ་དང་ཁོར་ཡུག་ལ་ཉེན་ཚབ་ཆེ་བའི་ལས་གཞི་སྤེལ་བཞིན་པར་གཞོན་ལྷན་ནས་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།

IMG_0255གྲོས་གཞི་དོན་ཚན་བཞི་པ།༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་།བོད་མིའི་ཆིག་སྒྲིལ།བདེ་སྐྱིད་ཀྱི་གཞི་རྩར་སོང་།གཞོན་ལྷན་ནས་དེ་འབྲེལ་ལས་དོན་ཞུ་ཕྱོགས་ཇི་དགེའི་སྐོར། དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཀྱིས་དགྲ་བོ་རྒྱ་དམར་དང་ངན་འབྲེལ་གྱི་སྐུའི་སྲུང་སྐྱོབ་ལ་ཉེན་ཚབས་ཆེ་བར་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།
གྲོས་གཞི་དོན་ཚན་ལྔ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག།བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རེའི་ཆོས་དང་རིག་གཞུང་།ཡ་རབས་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་ཕྱོགས་ཇི་དགེའི་སྐོར།གྲོས་གཞི་དོན་ཚན་དྲུག་པ། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་མང་གཙོའི་བྱུང་རིམ་དང་མང་གཙོའི་རང་བཞིན་གྱི་གལ་གནད་གོ་རྟོགས་སྤེལ་སླད་གཞོན་ལྷན་ནས་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་གཞི་དོན་ཚན་བདུན་པ། ས་གཞོན་ཁག་ནས་ས་གནས་ས་ཐོག་ཏུ་བོད་མི་ནད་གཅོང་ཉམ་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་དང་།འཕྲོད་བསྟེན་སློབ་གསོ།ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་གཞི་དོན་ཚན་བརྒྱད་པ། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སྐོར།
གྲོས་གཞི་དོན་ཚན་དགུ་པ།སྤྱི་སྨན་དགོངས་འཆར་བཅས་ཀྱི་ཐོག་གྲོས་ཆོད་བཞག་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༦པ་བཞུགས་སྒར་རྡ་རམ་ས་ལའི་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་ཁང་ནང་བོད་རྒྱལ་ལོ་༢༡༤༣ ཕྱི་ལོ་༢༠༡༦ ཟླ་བ་༨ ཚེས་༢༩ ནས་ཟླ་བ་༩ ཚེས་༣ བར་དུ་བསྐོངས་འཚོགས་ཞུས་པའི་གྲོས་ཆོད་ཁག་གཤམ་གསལ།

གྲོས་གཞི་དོན་ཚན་དང་པོ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་།ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་གཤེར་གནང་རྒྱུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་།ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་གཙང་ཟིན།

གྲོས་གཞི་དོན་ཚན་གཉིས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༥པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ་ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
ཚོགས་ཆེན་སྐབས་༡༣པའི་གྲོས་གཞི་དོན་ཚན་གསུམ་པའི་ཅ་པའི་ནང་གསེས་གྲོས་ཆོད་ཨང་གཉིས་པ།ཚོགས་ཆེན་སྐབས་༡༤པའི་གྲོས་གཞི་དོན་ཚན་གསུམ་པའི་ཁ་པའི་ནང་གསེས་གཉིས་པ་དང་གསུམ་པ།གྲོས་གཞི་དོན་ཚན་གསུམ་པ་ག་པའི་ནང་གསེས་གྲོས་ཆོད་དང་པོ།གྲོས་གཞི་དོན་གསུམ་པའི་ང་པའི་ནང་གསེས་གྲོས་ཆོད་དང་པོ།གྲོས་གཞི་དོན་ཚན་བརྒྱད་པའི་ནང་གསེས་གྲོས་ཆོད་གསུམ་པ།ཚོགས་ཆེན་སྐབས་༡༥པའི་གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་དང་པོ།གྲོས་གཞི་དོན་ཚན་བཞི་པའི་ཁ་པའི་གྲོས་ཆོད་དང་པོ།གྲོས་གཞི་དོན་ཚན་བཞི་པའི་ང་པའི་གྲོས་ཆོད་དང་པོ།གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་དང་པོ།

གྲོས་གཞི་དོན་ཚན་གསུམ་པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
ཀ༽བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག།བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས།དེ་བཞིན་རྒྱ་གཞུང་གིས་མི་སེར་སྤེལ་བའི་ངན་ཇུས་དང་།གཏེར་ཁ་སྔོག་འདོན་སོགས་བོད་ཀྱི་ངོ་བོ་དང་ཁོར་ཡུག་ལ་ཉེན་ཚབ་ཆེ་བའི་ལས་གཞི་སྤེལ་བཞིན་པར་གཞོན་ལྷན་ནས་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

༡༽བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རང་བཙན་ཡིན་པའི་ཁུངས་ལྡན་ལོ་རྒྱུས་ངོ་སྤྲོད་དང་།བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས།དེ་བཞིན་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གོང་མཐོར་གཏང་རྒྱུ་བཅས་ཀྱི་ཟབ་སྦྱོང་གནང་རྒྱུ།
༣༽རྒྱ་དམར་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེགགཙང་པོ་ཁ་བསྒྱུར།ཆུ་བོ་སྦག་བཙོག་སོགས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པར་གཞོན་ལྷན་དབུས་ས་གཉིས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་གསར་གཏོད་ཀྱི་ལས་འགུལ་སྤེལ་རྒྱུ།

ཁ༽དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་༸ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་དང་།ལྷག་པར་བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་།ཞལ་ཆེམས་སྒྲུབ་ཐབས་ཇི་དགེའི་སྐོར།

གྲོས་ཆོད།
༡༽དགྲ་བོ་རྒྱ་དམར་གྱི་བཙོན་ཁང་དུ་ཡོད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་ཉིན་གཅིག་དུས་གཅིག་ཏུ་དབུས་ས་ཐོུང་གིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ།
༢༽བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་།ཞལ་ཆེམས་བསྒྲུབ་ཐབས་སུ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་འཐུས་མི་ཁག་ལ་དབུས་ས་གཉིས་ནས་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།
༣༽རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་འོག་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཡིན་ཟེར་བ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ལེན་རྩ་བ་ནས་མེད་པའི་གསལ་བསྒྲགས་སྔོན་སོང་ལྟར།ད་ཐེངས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་ཀྱང་དེར་ངོས་ལེན་རྩ་བ་ནས་མེད་པ་གསལ་སྟོན་དང་ནན་བརྗོད་བྱ་རྒྱུ་ཡིན།

གྲོས་གཞི་དོན་ཚན་བཞི་པ།༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར།
ཀ༽བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་།བོད་མིའི་ཆིག་སྒྲིལ།བདེ་སྐྱིད་ཀྱི་གཞི་རྩར་སོང་།གཞོན་ལྷན་ནས་དེ་འབྲེལ་ལས་དོན་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽རྒྱ་གར་དབུས་སའི་གཞུང་དང་དབུས་བོད་མིིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལྷན་ཁང་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་ནས་༸རྒྱལ་བའི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ཐུགས་ཁུར་ཆེ་བཞེས་གནང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་བཀའ་དྲིན་རྗེས་དྲན་གྱི་ཡི་རངས་བསྔགས་བརྗོད་དང་།སྔར་ལྷག་འགན་འཁུར་དམ་དོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།
༢༽༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མི་མང་འདུ་འཛོམས་ཆེ་བའི་མཛད་སྒོ་ཁག་ལ་ཆིབས་བསྒྱུར་སྐྱོང་སྐབས་དང་།གསུང་ཆོས་སོགས་བཀྲིན་སྩོལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་།ཚོགས་མི་རྣམས་ནས་སྐུ་ཕྱྭའི་སྲུང་སྐྱོབ་ཆེད་དགོས་མཁོ་ཅི་མཆིས་ལ་འགན་ཁུར་ཞབས་ཞུ་སྔར་ལྷག་ལྷོད་མེད་བསྒྲུབ་རྒྱུ།

ཁ༽དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཀྱིས་དགྲ་བོ་རྒྱ་དམར་དང་ངན་འབྲེལ་གྱི་སྐུའི་སྲུང་སྐྱོབ་ལ་ཉེན་ཚབས་ཆེ་བར་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ས་གནས་གཞོན་ལྷན་ཁག་ནས་མཁས་དབང་གདན་ཞུས་ཀྱིས་མི་མང་ནང་དོལ་རྒྱལ་གྱི་གནད་དོན་ཐོག་གསལ་བཤད་དང་གོ་རྟོགས་སྤེལ་རྒྱུ།
༢༽གཞོན་ལྷན་དབུས་ས་གཉིས་ནས་ཧི་མ་ལ་ཡའི་ཁུལ་གྱི་ནང་པའི་མི་མང་ལ་དོལ་རྒྱལ་གནད་དོན་སྐོར་ལམ་སྟོན་གསལ་བཤད་ཀྱི་ཡིག་ཆ་གང་མང་འགྲེམ་སྤེལ་དང་གོ་རྟོགས་སྤེལ་རྒྱུ།

གྲོས་གཞི་དོན་ཚན་ལྔ་པ།ཆོས་དང་རིག་གཞུང་གཅེས་འཛིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག།བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རེའི་ཆོས་དང་རིག་གཞུང་།ཡ་རབས་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
༡༽ས་གནས་གཞོན་ནུས་བླ་སྤྲུལ་དགེ་བཤེས་གདན་ཞུས་ཀྱིས་ས་གནས་མི་མང་ལ་ནང་ཆོས་ངོ་སྤྲོད་དང་།བོད་མིའི་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སློབ་གསོ་སྤྲོད་རྒྱུ།
༢༽བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་མཐོ་སློབ་ཁག་གི་བོད་རིགས་སློབ་མའི་དབར་རིག་གཞུང་འགྲན་ཚོགས་གང་མང་གོ་སྒྲིག་ཞུ་རྒྱུ།

གྲོས་གཞི་དོན་ཚན་དྲུག་པ།མང་གཙོའི་གོ་རྟོགས་སྤེལ་ཕྱོགས།
རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་མང་གཙོའི་བྱུང་རིམ་དང་མང་གཙོའི་རང་བཞིན་གྱི་གལ་གནད་གོ་རྟོགས་སྤེལ་སླད་གཞོན་ལྷན་ནས་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།

༡༽བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་སྤྱི་ལོ་༢༠༡༦ཟླ་བ་༦ཚེས་༢༠ཉིན་སྤེལ་བའི་གསལ་བསྒྲགས་དགོངས་དོན་ལྟར།ཚོགས་ཆེན་ཉིན་གསུམ་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེགས་བཅོས་དང་འོས་གཞི་འདོན་ཕྱོགས་སོགས་ཀྱི་ཐོག་ལ་གྲོས་བསྡུར་གྱིས་བསམ་ཚུལ་དོན་ཚན་དགུ་ཅན་ཞིག་ཕུལ་ཟིན།
༢༽བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་མང་གཙོའི་བྱུང་རིམ་དང་མང་གཙོའི་གལ་གནད་སྐོར་གོ་རྟོགས་གོང་འཕེལ་ཆེད་ལས་འགུལ་སྤེལ་རྒྱུ།

གྲོས་གཞི་དོན་ཚན་བདུན་པ།སྤྱི་ཚོགས་ཞབས་ཞུའི་ལས་དོན།
ས་གཞོན་ཁག་ནས་ས་གནས་ས་ཐོག་ཏུ་བོད་མི་ནད་གཅོང་ཉམ་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་དང་།འཕྲོད་བསྟེན་སློབ་གསོ།ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།

༡༽ས་གནས་ཁག་གི་བོད་མི་ནད་གཅོང་ཉམས་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་དངོས་འབྲེལ་ཡོད་རིགས་ལ་ས་གཞོན་ནས་ངེས་པར་དུ་འགན་ཁུར་གྱིས་མཐུན་འགྱུར་རོགས་རམ་བྱ་དགོས་རྒྱུ་དང་།དཀའ་ངལ་ཆེ་བའི་རིགས་རྣམས་འབྲེལ་ཡོད་གོང་རིམ་ལ་འབོད་སྐུལ་ཞུས་ཏེ་དཀའ་ངལ་སེལ་ཐབས་བྱ་རྒྱུ།
༢༽ས་གཞོན་རྣམས་ནས་ཆེད་ལས་པ་གདན་ཞུས་ཀྱིས་མི་མང་ནང་སྔར་ལྷག་འཕྲོད་བསྟེན་སློབ་གསོའི་གོ་རྟོགས་ངེས་པར་དུ་སྤེལ་རྒྱུ།
༣༽ས་གཞོན་ཁག་ནས་དུས་ནས་དུས་སུ་ས་གནས་ཀྱི་ཁོར་ཡུག་གཙང་བཟོ་དགོས་རྒྱུ་མ་ཟད།འགྱིག་ཤོག་གི་རིགས་བེད་སྤྱོད་བྱ་རྒྱུ་སྔོན་འགོག་གི་གོ་རྟོགས་སྤེལ་རྒྱུ་དང་།དེ་བཞིན་འཛམ་གླིང་ཁོར་ཡུག་ཉིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ཞིག་ངེས་པར་དུ་སྤེལ་རྒྱུ།

 གྲོས་གཞི་དོན་ཚན་བརྒྱད་པ།གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སྐོར།

ཀ༽གཞོན་ལྷན་སྒྲིག་འཛུགས་མུ་མཐུད་སྲ་བརྟན་རྒྱུན་སྐྱོང་ཆེད་དབུས་ས་གཉིས་ནས་འགན་འཁུར་ལས་དོན་བྱ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡) དབུས་སྤྱི་ཁྱབ་རྒྱུན་ལས་ནས་ས་གནས་གཞོན་ནུ་ཁག་ལ་ངེས་པར་དུ་འཚམས་གཟིགས་བྱ་རྒྱུ་དང་།ཉམས་ཆག་སོང་བའི་ས་གནས་ཁག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ།
༢ )དབུས་ས་གཉིས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་སྔར་ལྷག་ཚགས་ཚུད་གོང་འཕེལ་ཡོང་ཐབས་སུ་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་ཐོག་ཤུགས་སྣོན་འཕར་མ་རྒྱག་རྒྱུ།

ཁ༽ སྒྲིག་གཞི་སྐྱར་བཅོས། སྒྲིག་གཞི་ལེ་ཚན་བཞི་པའི་ནང་གསེས་ ༡༽དང་༤༽བཅས་ཀྱི་སྐོར།
གྲོས་གཞི་དོན་ཚན་དགུ་པ།སྤྱི་སྨན་དགོངས་འཆར།
གྲོས་ཆོད།

༡ འཆར་ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་དབུས་གཞོན་ལྷན་གྱི་བཀོད་ཁྱབ་ལྟར་ས་གནས་གཞོན་ནུ་ཁག་གིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་འཐུས་ཚང་བསྒྲུབ་རྒྱུའི་གྲ་སྒྲིག་དགོས་རྒྱུ།
༢ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་ཞུ་མཁན་རིགས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ།

 

Share this:
༡༥༥ ཀློག་གྲངས།