རྒྱ་གར་གཞུང་གིས་ཀྱང་བོད་དང་ས་མཚམས་སུ་ལྕགས་ལམ་རྒྱག་རྩིས་འདུག

རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱིས་བོད་ཀྱི་ས་མཚམས་སུ་ཡོད་པའི་རྒྱ་གར་གྱི་ས་གནས་ཁག་ཅིག་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་དགོས་ཞེས་བརྗོད་ཡོད་འདུག

14256398_233238687078194_1426412392_nཟླ་འདིའི་ཕྱི་ཚེས་༧ ཉིན་རང་དབང་གསར་ཤོག་(The Free Press Journal)སྟེང་གནས་ཚུལ་སྤེལ་གསལ་ལྟར་ན། པེ་ཅིན་གཞུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་ནས་བར་ཐག་ཉེ་ཤོས་སུ་ཡོད་པའི་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ལྷ་ས་དང་གཞིས་ཀ་རྩེའི་བར། ཕྱི་ལོ་༢༠༡༤ ལོའི་ཟླ་བ་༨ པའི་ཚེས་༡༥ ཉིན་མེ་འཁོར་ལྕགས་ལམ་དངོས་སུ་དབུ་འབྱེད་ཀྱིས་ལེགས་གྲུབ་བྱུང་བར། རྒྱ་གར་གྱི་བདེ་སྲུང་བློན་ཆེན་མ་ནོ་ཧར་ པར་རི་ཁར་(Manohar Parrikar)གྱིས་ཐུགས་སྣང་ཆེན་པོ་གནང་ནས། བོད་ཀྱི་ས་མཚམས་སུ་ཡོད་པའི་རྒྱ་གར་གྱི་ས་གནས་རྣམས་སུ་ཡང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་འགོ་འཛུགས་རྒྱུ་ཐག་གཅོད་བྱུང་ཡོད་འདུག

དེ་ཡང་བྷི་ལ་སི་པུར་ནས་མ་ན་ལི་དང་། དེ་ནས་ལ་དྭགས་སླེ་བར་ལ་མེ་འཁོར་ལྕགས་ལམ་ཞིག་རྒྱག་རྩིས་རེད་འདུག་ལ། འགྲོ་གྲོན་ཧིན་སྒོར་ས་ཡ་༢༢༠,༠༠༠ ཡས་མས་ཡིན་འདུག དེའི་རིང་ཚད་སྤྱི་ལེ་༤༩༨ ཡིན་འདུག་ལ། བྷི་ལ་སི་པུར་དང་། མན་ཌི། ཀུ་ལུ། ལ་ཧོལ། སི་པི་ཏི་བཅས་བརྒྱུད་ལ་དྭགས་ནས་ལྡི་ལི་ལ་ཐུག་གི་ཡོད་འདུག

དེ་བཞིན་བདེ་སྲུང་བློན་ཆེན་གྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཏྲི་དང་ཉེ་སར་རྒྱ་ནག་གིས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པས། རྒྱ་གར་གཞུང་གིས་ཀྱང་བལ་ཡུལ་དང་ཐག་ཉེ་ས་དང་། དེ་བཞིན་ཨ་རུ་ན་ཅལ་བཅས་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ཐོག་ལ་ཤུགས་སྣོན་བྱེད་དགོས་ཚུལ་བཤད་ཡོད་འདུག

མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་དོན་ནི། དམག་དོན་གྱི་ཐོག་ནས་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་བར་དུ་ཡུལ་སྐོར་སྤྲོ་འཆམ་རྒྱ་ཆེ་རུ་གཏོང་བའི་དམིགས་ཡུལ་ཡང་ཡོད་འདུག དེ་བཞིན་མེ་འཁོར་ལྕགས་ལམ་དང་རྒྱ་དཀར་ནག་གཉིས་བར་གྱི་ཆབ་སྲིད་ཀྱི་གནད་དོན་དང་ཡང་འབྲེལ་བ་ཤུགས་ཆེན་ཡོད་ཚུལ་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༢ ཀློག་གྲངས།