བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱས་པའི་ལོ་འཁོར་དུས་དྲན།

སྤྱི་ཚོགས་དྲ་རྒྱའི་ཐོག་ནས་ཁྲིམས་སྒྲིག་གི་ཁུངས་ལུང་གང་ཡང་མེད་པར་བོད་མིའི་སྤྱི་ཚོགས་བརྡབ་གསིག་གཏོང་རྒྱུའི་ལས་གཞི་མང་པོ་ཞིག་ཡོང་བཞིན་པ་དེ་དགྲ་བོ་རྒྱ་གཞུང་གི་ལག་ཆ་ཆགས་ཀྱི་ཡོད་རེད་ཅེས་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གསུངས་སོང་།

14341822_235397506862312_1762157178_nཟླ་འདིའི་ཕྱི་ཚེས་༡༠ དྷ་སའི་ཁཱེ་ལེབ་གསོལ་མགྲོན་ཁང་(Club house)གི་ཚོགས་ཁང་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱས་ནས་ལོ་ངོ་༣༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་གྱི་འགན་འཛིན་དང་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིན་མོང་གོ་ཊི་ཡ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཐོག དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་དང་། རྒྱུན་ལས་སྐལ་བཟང་གཡུ་སྒྲོན་གཉིས་ཀྱིས་བོད་དབྱིན་གཉིས་ཐོག་ནས་ཉིན་དེའི་གཏམ་བཤད་སྒྲོགས་སྦྱང་བྱས་པའི་ནང་དུ། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་ཛ་དྲག་གི་འབོད་སྐུལ་དོན་ཚན་༥ ཞུས་ཡོད་པའི་ནང། རྒྱལ་སྤྱིའི་ཐོག་གི་དབུ་ཁྲིད་ཚོས་རྒྱ་ནག་ལ་ནན་སྐུལ་དང་གནོན་ཤུགས་ཐོག་༸གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་གྱི་ཐོག་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་བསྐྱར་དུ་བཀའ་མོལ་འགོ་འཛུགས་ཡོང་བ་ཞུ་རྒྱུ། རྒྱའི་བཙོན་ཁང་ནང་ལོ་ངོ་༢༡ རིང་ལྷག་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གློད་གྲོལ་ཡོང་ཆེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། འོན་ཀྱང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོས་ཞུ་འབོད་དང་གནོན་ཤུགས་ཐེངས་མང་གནང་ཡང་། རྒྱའི་དབང་འཛིན་པ་ཚོས་དེ་ལ་ཡ་ལན་སྤྲད་མེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྐྱར་དུ་རྒྱའི་དབང་འཛིན་པ་ཚོ་ལ་ནན་སྐུལ་ཞུ་རྒྱུ་ལ་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པའི་ཆ་ནས་ཁོང་ཚོ་ལ་དྲག་གནོན་མི་བྱེད་པར་ཞི་དུལ་དུ་གྱུར་བ་གནང་རོགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གི་གསེར་རྟ་རྫོང་ཁུངས་བླ་རུང་སྒར་གྱི་དགོན་པས་གྲྭ་ཤག་ཧ་ལས་པའི་མང་པོ་གཏོར་བཤིག་གི་དཀའ་ངལ་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ལ་ནན་སྐུལ་ཞུ་རྒྱུར་རྒྱ་ནག་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མགྱོགས་གློད་གྲོལ་ཡོང་བ་ཞུ་རྒྱུ་ཡིན། ད་བར་རྒྱ་གཞུང་གི་བྱ་སྤྱོད་ལ་ཞི་དུལ་དུ་གྱུར་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ནས་ངེས་པར་དུ་ཕྱག་བསྟར་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་ཡིན་སྐོར་སོགས་འཁོད་ཡོད་པ་རེད།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོས་གསུངས་དོན། “སྔར་བོད་ས་མ་ཤོར་གོང་བོད་པ་རྣམས་ཀྱིས་ཆོག་ཤེས་བྱས་ནས་བདེ་སྐྱིད་དང་ལྡན་པའི་འཚོ་བར་རོལ་སྐབས། བོད་ཀྱི་བུད་མེད་མང་ཆེ་བས་ཕྱི་འཛམ་གླིང་གི་གནས་སྟངས་དང་ཡི་གེ་སོགས་ཤེས་ཀྱི་མེད་རུང་། ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ པའི་ཕྱི་ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཁོང་ཚོས། ཤ་ཚས་མ་བཟོད་ནས་ལུས་ངག་ཡིད་གསུམ་བློས་གཏོང་ཐོག རྒྱ་རྒྱ་ཡུལ་ལ་སྐྱིད་ཀྱི་རེད། བོད་བོད་ལ་བདག་གི་རེད་ཅེས་ལམ་ཁ་སྒང་ལ་ཕྱིན་ནས། རྒྱ་གཞུང་ལ་སྐད་འབོད་བརྒྱབ་སྟེ་ལྷན་ཚོགས་འདི་དབུ་བཙུགས་པ་རེད། དེ་ཧ་ལས་པའི་རླབས་ཆེན་གྱི་མཛད་པ་རེད་”ཅེས་དང་། “བཙན་བྱོལ་ནང་ནས་ཡིན་ན་ཡང་དེ་མ་བརྗེད་པའི་ཐོག་ནས་མུ་མཐུད་ནས་མི་རབས་ནས་མི་རབས་ལ་རིམ་པས་འགྲོ་བསྡད་པ་འདི་ཧ་ཅང་གི་ཡག་པོ་རེད། ང་རང་གི་བསམ་པ་ལྟར་བྱས་ན་ད་དེ་རིང་ང་འདིར་ལོ་ན་རྒན་ཤོས་ཀྱི་གྲས་ལ་སླེབས་ཡོད་ཀྱི་རེད། རེད་དེ། རྒས་འཁོགས་རེད་ཅེས་ཕར་འདུག་རྒྱུ་དང་། ཆུང་ཆུང་ཡིན་ཟེར་གུ་ཡངས་བྱེད་པའི་དུས་ཚོད་ཅིག་གཏན་ནས་མ་རེད་བསམ་གྱི་འདུག བོད་ནང་དུ་རང་ལུས་མེར་སྲེག་དང་། འབྲོག་པའི་འཚོ་བའི་དཀའ་ངལ་ཡོད་བསྡད་པ་སོགས་ང་ཚོ་ཚང་མས་ཤེས་གསལ་རེད། དེར་བརྟེན། ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོས་སོ་སོས་སོ་སོར་ཡིད་ཆེས་ཡོད་པའི་ཐོག་ནས། སོ་སོའི་རྒྱལ་ཁབ་ལ་ཤ་ཚ་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་འདུག་མ་གཏོགས། སོ་སོའི་མིང་དང་ཁེ་ཕན་ལ་བལྟས་པའི་འདྲ་བྱུང་ན་རྒྱལ་ཁབ་ཀྱི་རྩ་དོན་འགྲུབ་རྒྱུ་ཁག་གི་རེད་”ཅེས་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བུད་མེད་ལྷན་ཚོགས་སླར་གསོའི་དུས་དྲན་སྐོར་དང་འབྲེལ་ནས་གསུང་དོན། “དེ་རིང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་དང་གསལ་བསྒྲགས་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱབ་ལྗོངས་དང་། ལས་དོན། ལྷག་པར་དུ་ང་རང་ཚོའི་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་གང་ཡིན་པ་དེའི་ཐོག་ནས་དོན་ཚན་ལྔ་ཅན་ཞིག་འཁོད་འདུག དེ་ཡང་། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞིག་ཡིན་པའི་ཆ་ནས་ང་ཚོས་གསོལ་འདེབས་ཞུ་ས་དང་། འབོད་སྐུལ་ཞུ་ས། རྒྱབ་སྐྱོར་འཚོལ་ས་དེ་འཛམ་གླིང་རྒྱལ་སྤྱི་མ་གཏོགས་གཞན་གང་ཡང་ཡོད་མ་རེད། དེར་བརྟེན། དོན་ཚན་ལྔ་པོ་དེ་རྣོ་ངར་ལྡན་པ་དང་། དོན་དང་ལྡན་པ་ཞེ་དྲག་ཡོད་རུང་། དེ་དག་ཡིག་ཆའི་ངོ་བོ་ཙམ་དུ་མ་ལྷག་པར་མ་འོངས་པར་ཡིག་ཆ་དེ་དག་གཞི་ལ་བཞག་པའི་ཐོག་ནས་འགུལ་བསྐྱོད་ཐེབས་རྒྱུ་ཡོད་པ་ཞིག་བྱ་དགོས་རེད། ཡིག་ཆ་དེ་དག་འཛམ་གླིང་ལ་ཡོངས་སུ་ཁྱབ་མ་ཐག་གྲུབ་འབྲས་ཡོང་བ་དེ་འདྲ་གང་ཡོད་མ་རེད་དེ། དེ་དག་རྩ་འཛིན་གྱི་ཡིག་ཆ་ཞིག་ལ་ངོས་འཛིན་ནས་གང་ཐུབ་ཅི་ཐུབ་ཀྱིས་གྲུབ་འབྲས་ཡོང་ཐབས་ལ་འབད་དགོས་རེད་”ཅེས་དང་། “དེ་བཞིན་ཐོག་མར་བོད་ནང་ནས་བུད་མེད་ཚོས་བུད་མེད་སྒེར་ལངས་བྱས་སྐབས། སྤྱིར་འཛམ་བུ་གླིང་ཡར་རྒྱས་འགྲོ་རྒྱུ་ཡིན་པ་དང་། ཁྱད་པར་དུ་རང་རེ་ཆོས་ལྡན་བོད་ཀྱི་རྒྱལ་ཁབ་ནང་དེ་རིང་ཁ་སང་ནང་བཞིན་ཁ་པར་དང་འཕྲུལ་རིགས་མེད་རྐྱེན། སྐད་འབོད་དང་འདུ་འཛོམས་བྱེད་དགོས་རེད་ཅེས་རྒྱང་གྲགས་སོགས་ཀྱི་སྒོ་ནས་བསྒྲགས་རྒྱུ་གཏན་ནས་བྱུང་མེད་རུང་། རྒྱ་དམར་དེ་མ་ཐག་ཏུ་ཡོང་བ་དང་འཛམ་གླིང་ནང་ལོ་རྒྱུས་དང་དཔེ་མཚོན་བཞག་རྒྱུ་ཡོད་པ་ཞིག་ལ་ཕྱི་ཟླ་༣པའི་ཚེས་༡༠ ཉིན་མི་མང་ཁྲི་ཚོ་མང་པོ་འཛོམས་ནས་ཡར་ལངས་རྒྱག་པ་དང་། དེ་བཞིན་ཕྱི་ཟླ་༣ པའི་ཚེས་༡༢ ཉིན་རང་གི་མི་རིགས་དང་། དབུ་ཁྲིད། ཆོས་ལུགས་བཅས་ཀྱི་ཆེད་དུ་བོད་ཀྱི་དཔའ་མོ་སྟོང་ཚོ་མང་པོ་འཛོམས་ཏེ་བུད་མེད་སྒེར་ལངས་བྱས་ཡོད་རེད། དེའི་ས་བོན་དེ་བཙན་བྱོལ་ནང་ང་ཚོས་སླར་གསོ་བྱས་ནས་ད་ལྟ་མི་ལོ་༣༢ ཧྲིལ་པོ་འཁོར་ཡོད་རེད། ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན། སྐབས་དེར་སྒེར་ལངས་དེ་ནང་བཞིན་ད་ལྟའི་རང་དབང་ཅན་གྱི་རྒྱལ་ཁབ་ནང་དུ་ཡང་དེ་འདྲ་བྱུང་མེད་ཚོད་རེད་”ཅེས་དང་། “༧གོང་ས་སྐྱབས་མགོན་ཆེན་པོས་བཙན་བྱོལ་ནང་སླར་གསོ་གནང་དགོས་ཀྱི་འདུག་ཅེས་གསུང་གི་བདུད་རྩི་ཕེབས་པ་བཞིན། ༡༩༨༤ ལོར་ཐོག་མར་བུད་མེད་ལྷན་ཚོགས་སླར་གསོ་བྱས་ཡོད་པ་རེད་”ཅེས་སོགས་གསུང་སོང་།

ཡང་ཁོང་གིས་“གོང་ས་མཆོག་དང་། རྒྱ་གར་གཞུང་བཀའ་དྲིན་ཅན་གྱི་འོག་ནས་ང་ཚོས་དྷ་རམ་ས་ལ་གཞི་བཅས་ནས། བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་གཞི་༢༧ ད་བར་གཏན་འབེབས་བྱུང་ཡོད་པ་དེ། སྤྱི་འཐུས་དང་། ས་འཐུས་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཙམ་གྱི་ཆེད་དུ་མིན་པར། གྲོས་ཚོགས་ནང་སྒྲིག་གཞིའི་དགོངས་དོན་རེ་རེ་ལའང་བརྡར་ཤའི་རྩོད་ལེན་བྱས་ནས་གཏན་འབེབས་གནང་བ་རྣམས་རྒྱ་ཆེའི་མང་ཚོགས་ཀྱི་ཆེད་དུ་རེད། གངས་ཅན་སྐྱིད་གཤོང་དུ་ཁྲིམས་སྒྲིག་གཏན་འབེབས་གང་གནང་བ་དེ་ཆབ་སྲིད་ཀྱི་ཐོག་ནས་གཞིས་བྱེས་གཉིས་ཀར་ཁྱབ་ཐུབ་པ། འཛིན་སྐྱོང་གི་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་རེད། དེ་ཡོང་བར་རྒྱ་ཆེའི་མི་མང་གིས་ཁྲིམས་སྒྲིག་མཁྱེན་པ་བྱས་ནས་སྲ་བརྟན་ཡོང་མིན་གྱི་ཞིབ་འཇུག་དེ་སྒྲིག་ཁྲིམས་གཞི་ལ་བཞག་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱིས་བྱེད་དགོས་རེད། དེ་མིན་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་ཁྲིམས་སྒྲིག་གི་ཁུངས་ལུང་གང་ཡང་མེད་པར་བོད་མིའི་སྤྱི་ཚོགས་བརྡབ་གསིག་གཏོང་རྒྱུའི་ལས་གཞི་མང་པོ་ཞིག་ཡོང་བཞིན་པ་དེ་དགྲ་བོ་རྒྱ་གཞུང་གི་ལག་ཆ་ཆགས་ཀྱི་ཡོད་པས། ཁྲིམས་སྒྲིག་གཞི་ལ་ཚང་མས་ཐུགས་སྣང་གནང་དགོས་རེད་”ཅེས་གསུངས་སོང་།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༨༠ ཀློག་གྲངས།