༩ པའི་ཚེས་༡༡ ཀྱི་གནས་ཚུལ་དང་དེའི་མཇུག་འབྲས།

སྐལ་བཟང་དོན་གྲུབ།

ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་ཁ་ཆེ་དྲག་སྤྱོད་པ་ཨལ་ཁེའུ་དྷས་(Alqaeda)ཨ་རིར་དྲག་རྒོལ་བྱས་ཏེ། མི་༢༩༩༦ གི་ཚེ་སྲོག་ཤོར་ཡོད་པ་དང་། མི་༦༠༠༠ ལས་མང་བར་རྨས་སྐྱོན་ཕོགས་ཡོད་པ་རེད། དེ་ཡང་དྲག་སྤྱོད་པ་༡༩ ཡིས་ཨ་རིའི་འགྲུལ་སྐྱེལ་གནམ་གྲུ་༤ བཙན་བཟུང་བྱས་ཏེ། གནམ་གྲུ་གཉིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་ཁྲོམ་རྭའི་ལྟེ་གནས་ཀྱི་ཁང་བརྩེགས་གཉིས་ལ་བརྡུངས་ནས་འཐོར་བ་དང་། ཁང་བརྩེགས་དེ་གཉིས་མེར་འབར་ནས་འཐོར་ཞིག་སོང་བ་རེད། དེ་བཞིན་གནམ་གྲུ་གཞན་ཞིག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་ཡོད་པའི་དམག་གི་རྟེན་གཞི་གཙོ་བོའི་ཁང་བརྩེགས་ཤིག་ལ་བརྡུངས་ནས་མི་མང་པོ་ཤི་ཡོད་པ་རེད། གནམ་གྲུ་མཐའ་མའི་ནང་དུ་དྲག་སྤྱོད་པ་དང་འགྲུལ་པ། གནམ་གྲུའི་ལས་བྱེད་པའི་བར་གདོང་ཐུག་བྱུང་ནས། ཨ་རིའི་གྲོང་སྡེ་ཞིག་གི་ས་ཐོག་ཏུ་ལྷུང་ནས་གནམ་ཐོག་མི་ཚང་མ་ཤི་ཡོད་པ་རེད། གནམ་གྲུ་མཐའ་མ་དེའི་དམིགས་འབེན་གང་དུ་ཡིན་ཡང་དེ་གར་སླེབས་ཐུབ་མེད་པས། གནམ་གྲུའི་ནང་གི་འགྲུལ་པ་དང་ལས་བྱེད་ཚོར་དཔའ་བོའི་མིང་དུ་རྗེས་སུ་ཡི་རངས་ཞུས་ཡོད་པ་རེད།

དྲག་རྒོལ་དེ་ནི་ཨ་རིའི་ལོ་རྒྱུས་ནང་ས་ཐོག་ཏུ་ཕྱི་མིའི་དྲག་རྒོལ་བྱས་པ་ཆེ་ཤོས་དེ་ཡིན་པ་དང་། དྲག་རྒོལ་དེ་ཁ་ཆེ་དྲག་སྤྱོད་པ་ཨལ་ཁེའུ་དྷས་འགན་ལེན་བྱས་ཡོད་པ་དང་། སྐབས་དེར་ཚོགས་པའི་འགོ་ཁྲིད་ཨོ་ས་མ་བྷིན་ལ་ཌེན་(Osama Bin Laden)ཡིན་པ་རེད། ལོ་༡༠ ཡི་རྗེས་ཨ་རིས་ཨོ་ས་མ་གསོད་ཐུབ་པ་བྱུང་བ་དང་། སྐབས་དེའི་ཨ་རིའི་སྲིད་འཛིན་(G.W Bush)བྷུ་ཤེ་ལ་ཨ་རིའི་གྲོས་ཚོགས་ཀྱིས་ཨལ་ཁེའི་ཌ་ཤུགས་ཆེན་ཡོད་པའི་ཨབ་གྷ་ནི་སི་ཐན་གྱི་ལུང་པར་བཙན་འཛུལ་བྱས་ནས། དྲག་སྤྱོད་པའི་དཔུང་དམག་དེ་རྩ་མེད་བཟོ་རྒྱུའི་འཆར་གཞིར་རྒྱབ་སྐྱོར་ཐོབ་ཡོད་པ་རེད། དེ་ཡང་ལུང་པ་དེར་ཊ་ལི་བྷན་(Taliban)ཞེས་པའི་ཁ་ཆེའི་མཁྲེགས་འཛིན་ཚོགས་པ་ཞིག་གིས་ཨལ་ཁེའུ་ཌ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་དོགས་པ་བྱེད་ཀྱི་ཡོད་པ་རེད་འདུག ལུང་པ་དེར་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཀྱིས་ལོ་༡༣ གྱི་རིང་འཇིགས་སྐུལ་བ་དང་དམག་འཐབ་བྱས་ཡོད་པ་རེད།

དེ་བཞིན་ཨ་རིས་ཨི་རག་ལུང་པར་མི་གསོད་ཁྲག་སྦྱོར་ཁྱབ་ཆེན་བྱེད་པའི་མཚོན་ཆ་ཞིག་ཡོད་སྐོར་བརྗོད་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཀྱི་དམག་མིས་དམག་གི་སྒྲིག་འཛུགས་བཙུགས་ནས། འཇིགས་སྐུལ་བ་དང་དམག་འཐབ་ལོ་མང་རིང་བྱས་ཡོད་པ་རེད། འོན་ཀྱང་ད་བར་ཨི་རག་ལ་མི་གསོད་ཁྲག་སྦྱོར་ཁྱབ་ཆེན་བྱེད་པའི་མཚོན་ཆ་དེ་ཡོད་པ་ཁུངས་སྐྱེལ་བྱེད་ཐུབ་མེད་པས། དཔྱད་བརྗོད་པ་མང་པོས་རྒྱུ་མཚན་དེ་རྫུན་མ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཀྱི་དམག་མིས་ཨི་རག་དང་ཨབ་གྷན་གཉིས་ལ་ལོ་མང་རིང་འཇིགས་སྐུལ་བ་དང་དམག་འཐབ་བྱས་ཁར། མི་མང་དཀྱུས་མའི་འཚོ་བ་ལ་ཕོག་ཐུག་ཆེན་པོ་བཏང་བ་དང་། ཉེས་མེད་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པས། རང་བཞིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ལ་འཁོན་འཛིན་ཆེ་རུ་ཕྱིན་ནས། ཁ་ཆེ་འཇིགས་སྐུལ་བ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་ལ་དམག་འཐབ་ཀྱི་མིང་ཁྱེར་ནས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྩིས་མེད་བཏང་བའི་གནས་ཚུལ་མང་པོ་ཐོན་ཡོད་པ་མ་ཟད། འཛམ་གླིང་ནང་ཁ་ཆེ་བ་དོགས་གཞི་བྱེད་ཡུལ་བསྒྱུར་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁ་ཆེ་བ་མང་པོར་དབྱེ་འབྱེད་ཀྱི་གནས་ཚུལ་ཐོན་ནས། དྲག་སྤྱོད་པའི་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཁ་ཆེ་བ་མང་དུ་ཕྱིན་ཡོད་པ་རེད།

མདོར་བསྡུས་ན་འཇིགས་སྐུལ་རིང་ལུགས་པ་སྐད་གྲགས་ཆེ་ཤོས་ཨོ་ས་མ་བྷིན་ལ་ཌེན་གསོད་ཐུབ་པ་རེད་དེ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་སྟོབས་ཤུགས་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། ཨ་རིའི་དམག་འཐབ་ཀྱི་བྱེད་ལས་དེ་ནོར་འཁྲུལ་ཞིག་ལས། བསམ་ཞིབ་ནན་མོ་བྱས་པའི་བྱེད་ལས་ཤིག་མིན་པ་གསལ་པོ་རེད། དེང་གི་ཆར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་མང་དུ་འགྲོ་བཞིན་ཡོད་ཁར། ནུབ་ཕྱོགས་རྒྱལ་ཁབ་གཙོས་པའི་འཛམ་གླིང་གང་སར་དྲག་རྒོལ་བྱས་ནས་མི་མང་ཉེས་མེད་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད་པ་རེད་ལ། དྲག་རྒོལ་གྱི་ཉེན་ཁ་ལས་བདེ་འཇགས་ཡོང་ཆེད་དུ་འགྲོ་སོང་ཕོན་ཆེན་གཏོང་བཞིན་ཁར། མི་མང་རྣམས་འཇིགས་སྣང་ངང་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད།།

Share this:
༡༠༩ ཀློག་གྲངས།