བཀའ་ཁྲིའི་འོས་གཞིར་ཞུགས་དགོས་པའི་རྒྱུ་མཚན་འགའ།

ཡང་དག་པའི་དམངས་གཙོ་ཡིན་ལུགས་བརྗོད་བཞིན་པའི་ཡུལ་གྱར་བོད་མི་ཚོས་མིང་གྲགས་ཆེན་པོའི་ཆོ་ལོ་མེད་ཅིང༌། འབྱོར་ལྡན་ཆེན་པོའི་རྒྱབ་གཉེར་མེད་པའི་རྡ་རམ་ས་ལར་གནས་གཞིར་བྱས་པའི་བོད་མོ་གསར་འབྱོར་བ་དཀྱུས་མ་ངའི་ངོ་གདོང་གསར་པར་བལྟས་ཏེ། གུས་མོ་བཀའ་ཁྲི་དྲ་རྒྱའི་འོས་གཞིར་བཞུགས་ཚུལ་གྱི་བཟང་ངན་ནམ་ལེགས་ཉེས་སྣ་ཚོགས་ཀྱི་གླེང་ཕྱོགས་ཁྲོད་གཙོ་བོ་དོགས་འདྲོགས་ཅན་ཚོའི་ཨ་མཚར་སེལ་ཕྱིར་འདིར་སྒེར་ངོས་ནས་བཀའ་ཁྲིའི་འོས་གཞིར་བཞུགས་དགོས་པའི་སྔོན་འགྲོའི་རྒྱུ་མཚན་གཙོ་གནད་ཁག་ཅིག་བརྗོད་རྒྱུ་ཡིན་།

དང་པོ། གཉའ་གནོན་དང་དྲག་པོའི་བཙན་འཛུལ་བས་བསུན་བཙིར་འོག་ཡོངས་གྲགས་སུ་ཕྱི་ལོ་1959ལོའི་སྐབས་དེར་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མི་ཡུལ་གྱར་བ་རྣམས་རིམ་བཞིན་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང༌། ཡུལ་གྱར་མི་དམངས་ཀྱི་རང་གཞུང་འཛིན་སྐྱོང་སྡེ་ཚན་གྱི་མ་ལག་གཙོས། གཞིས་ཆགས་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་སོགས་འཛུགས་ཐབས་ཕྱིར་ང་ཚོའི་རྒན་རབས་ཚོས་འབད་འབུངས་ཀྱི་བྱས་རྗེས་བཟང་པོར་ལེགས་གསོལ་ཞུ་བར་སྦྲགས། ཁོང་རྣམས་ཀྱི་རྗེས་ཤུལ་འདི་དེང་གི་དུས་སུ་རྨིག་མེད་དུ་མི་འགྲོ་བའི་ཕྱིར་རྗེས་རབས་པའི་བོད་མི་ཞིག་གིས་དགོས་ངེས་ཀྱི་ཆབ་སྲིད་དམངས་གཙོའི་ལམ་ལུགས་བརྒྱུད་གོ་དབང་བརྩོན་ལེན་གྱི་ཆ་ཤས་ལེན་པ་ཡིན།

 


གཉིས་པ། དེང་གི་དུས་ནི་བོད་མི་རིགས་འདི་ཛ་དྲག་གི་རྒྱུད་རིམ་དུ་བགྲོད་བཞིན་པ་ཡིན་ལ། འཛམ་གླིང་སྤྱིའི་ལུགས་མཐུན་གྱི་གོམས་འགྲོས་དང་མཉམ་བསྐྱོད་ཐོག་མ་འོངས་པར་ཡངས་ཞིང་རྒྱ་ཆེ་བའི་མདུན་ལམ་རྒྱ་བསྐྱེད་དང་མདུན་བསྐྱོད་ཚད་ལྡན་ཡོང་ཕྱིར་བོད་མི་རིགས་ཆོས་སྲིད་གཉིས་ཐད་ནས་འཁྱོག་ལམ་དུ་མི་ལྷུང་བའི་ཆེད་དུ། སྐབས་བབས་སུ་ཕྱི་འགྱངས་རྩ་བ་ནས་མི་ཕོད་པའི་ཕྱོགས་ལ་ཡོ་བསྲང་དང་བཅོས་བསྒྱུར་དགོས་སྟབས། རང་གཞུང་གི་བཀའ་ཁྲིའི་ཆེས་མཐོའི་ཆབ་སྲིད་ཀྱི་གོ་གནས་ནས་བྱ་བ་བསྒྲུབ་ཕྱོགས་ཀྱི་ཆ་ངེས་ཅན་ལག་བསྟར་ཐུབ་པའི་ཆ་རྐྱེན་མང་ཙམ་ལྡན་ཕྱིར།བོད་མི་ཡུལ་གྱར་བ་སྤྱི་མཚུངས་ལྟར་གོ་དབང་བརྩོན་ལེན་བྱེད་པའི་སྔོན་འགྲོའི་རྒྱུད་རིམ་དུ་བཞུགས་པ་ཡིན།

 


གསུམ་པ། རྒྱ་ནག་གཞུང་ངོས་ནས་བོད་ཡུལ་གྱར་གཞུང་ཟེར་བ་ནི་ཏྰ་ལའི་བླ་མས་ཕྱི་ཚུལ་དུ་རང་དབང་དང་དམངས་གཙོ་ལག་བསྟར་ཡིན་ཁུལ་སྒྲོག་བཞིན་པ་ཙམ་ལས་། དོན་དམ་པར་ཁོ་རང་སྒེར་གྱི་དབང་ཆར་འདོད་རྔམ་ཆེན་པོ་ཡོད་ཚུལ་དང༌། རང་སེམས་དུག་གསུམ་གྱིས་སྦྲིལ་ནས་དབང་ཆ་སྒེར་འཛིན་བྱེད་བཞིན་དེ་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་སྐྱར་གསོ་བྱེད་བཞིན་པའི་སྐྱོན་བརྗོད་དང་ལོག་ལྟ་ངན་པར་དར་དམར་འོག་ཏུ་འཚར་ལོངས་བྱུང་བའི་བོད་མི་དར་གཞོན་ཞིག་གི་ངོས་ནས་དེར་དགོས་ངེས་ཀྱི་ཐད་ཀར་ཁ་གཏད་དང་ལན་འདེབས་ཆེད་དུ་ཡིན།

 


བཞི་པ། དམངས་གཙོ་དངོས་ཀྱི་འགྲོ་ལུགས་ལྟར་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བཞིན་ཁོང་གི་སྲིད་ཕྱོགས་ཀྱི་ཐུགས་སྲས་གཅིག་ཏུ་བགྲང་འོས་པའི་མ་འོངས་རང་གཞུང་བཀའ་བློན་ཁྲི་པ་འདི་ཡག་ཤོས་བྱུང་ན་བུད་མེད་ཅིག་ལེགས་ཚུལ་དང༌། དེ་མ་བྱུང་ཡང་གཞོན་སྐྱེས་གཅིག་ཡོང་ན་བཟང་བར་གསུངས་པའི་དགོངས་འདུན་འགྲུབ་ཕྱིར་ཡིན་ལ། དེ་མིན་གོང་གི་ཆ་རྐྱེན་གཉིས་ཚང་བའི་ཐོག་གཙོ་བོར་རང་གཞུང་ངོས་ནས་ཁ་ཚ་དགོས་གཏུག་གི་དོན་དག་འགར་བརྗོད་ཐབས་དང༌། དངོས་སུ་བཅོས་བསྒྱུར་གྱི་གོམས་སྟབས་སྤོ་ཆེད་ཡིན།


ལྔ་པ། ཡུལ་གྱར་དུ་འབྱོར་བའི་རང་རིགས་སྤུན་ཟླ་མང་ཆེར་ནི་མིང་ཆེན་པོའི་གྲགས་པ་མེད་ལ་ནོར་འབྱོར་གྱི་རྒྱབ་རྩ་ཐུག་པའི་འབྱོར་ལྡན་གྲལ་རིམ་མིན་ནའང༌། ཡུལ་གྱར་དུ་བྱོལ་བའི་དུས་རིམ་ནང་འབད་བརྩོན་ལྷོད་པ་མེད་པར་རང་གི་ཤེས་འཇོན་གཉིས་ཕྱོགས་ནས་མཐོར་འདེགས་ཡོང་ཐབས་དང༌། རང་མི་རིགས་ཀྱི་རྩ་བའི་གནས་སྟངས་སོགས་འཕེལ་རྒྱས་ཡོང་ཕྱིར་ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་འདོད་པའི་དྲང་བདེན་གྱི་བླ་སྲོག་གཅེས་ཉར་གནང་མཁན་སྒང་ཚུགས་ཅན་གྱི་གངས་ཅན་པ་ཡོངས་ལ་ནུས་ལྡན་གྱི་རྒྱབ་སྐྱོར་དང་སྤོབས་པ་བསྐུལ་ཆེད་ཡིན།

 


དྲུག་པ། སྐུ་དྲག་པོ་ཚོས་བྲན་གཤིས་ཀྱི་རང་སྐྱོན་བཙན་བཟུང་ཐོག་བོད་ཉམས་ཉེས་ཀྱི་བྱུང་བའི་ལོ་རྒྱུས་ནི་རླབས་ཆེན་གྱི་རྒྱུད་རིམ་ཁོ་ནར་ཡིན་པ་དང༌།དེ་འདྲ་ཞིག་འཇིག་རྟེན་འདིར་མེད་ཚུལ་ཡང་སྒྲོག་གང་ཐུབ་བྱེད་ལ། དྲེགས་པ་ཚོས་ལོག་ལྟ་དང་རྙིང་ཞེན་། དེ་བཞིན་མཁྲེགས་འཛིན་གྱི་རྫོང་ཆེན་གཏོར་ཕྱིར། རྨོངས་གཉིད་སད་བཞིན་པའི་བོད་མི་རྣམས་ཀྱིས་འཛམ་གླིང་འདིའི་རྒྱབ་ཁབ་དང་གཞན་མི་རིགས་ཚོས་རང་དབང་དང་སྤོབས་པས་བརྩོན་ལེན་གནང་བའི་བྱས་རྗེས་བཟང་པོའི་རྗེས་སུ་འབྲངས་ཕྱིར། ཁོང་རྣམ་པས་མིའི་རིགས་ཀྱི་སྤོབས་པ་བསྐྱེད་དེ་འབྲས་བཟང་ཐོན་པའི་བྱ་བཞག་བཟང་པོ་དེ་དག་ལ་བཅོས་མིན་གོང་བསྐུལ་ཡོང་ཕྱིར་ཡིན་ལ། དེ་བཞིན་རང་སྐྱོན་རང་རྟོག་གིས་བློ་གྲོས་ཀྱི་རྩལ་མིག་བག་ལ་མ་ཞ་གོང་དྲེགས་པ་ཚོའི་བློས་གཏོང་བྱ་རྩིས་མེད་པའི་ངན་སྤྱོད་དག་ལ་ཉེན་བརྡ་གཏོང་ཆེད་ཀྱང་ཡིན།

 


བདུན་པ། འཕེལ་རྒྱས་འགྲོ་དགོས་ན་སྐྱོན་ཆ་སེལ་དགོས་པ་ནི་སུས་ཀྱང་རྟོགས་ཐུབ་པའི་གནས་ལུགས་ཤིག་རེད། ང་ཚོར་གཟེངས་ཐོན་གྱི་བྱས་རྗེས་ཕྱོགས་མེད་པ་མིན་ནའང་ཕྱོགས་མང་ས་ནས་ལྟོ་གོས་ཙམ་གྱིས་འཚོ་བར་གོམས་འདྲེས་སོང་ཞིང༌། ལྷིང་འཇགས་རོལ་ནས་བགྲང་བྱ་ལྔ་བཅུ་ལྷག་ཙམ་འདས་ཟིན་། རང་དབང་དང་དམངས་གཙོ་དངོས་ཡིན་ན་ང་ཚོའི་རིགས་མཐུན་གྱི་ཁོར་ཡུག་འདིའི་སྐྱོན་མཚང་མཐོང་ཞིང་། དེར་ལེགས་བཅོས་ཡོང་བའི་ཐབས་ལམ་སྤེལ་གང་ཐུབ་ཀྱི་གོམས་སྲོལ་ཙམ་ཡང་ཆགས་མེད་པའི་རྒྱུ་མཚན་གང་ཡིན་ནམ། ད་ནས་བཟུང་མི་དམངས་ཡོངས་ཀྱི་ངེས་པར་དུ་རང་གི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་རང་གཞུང་གི་སྲིད་ཇུས་ལེགས་བསྒྱུར་དང་མཐོར་འདེགས་ཡོང་ཕྱིར་རྗེས་ལུས་ཀྱི་སྔར་སྲོལ་བསྐྱར་བཟློས་བརྒྱ་ཡིས་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་འཕྲོག་བརླག་མི་གཏོང་བའི་ངང་མི་རེ་ངོ་རེའི་བློ་གྲོས་དང་འཇོན་ནུས་བཏོན་བའི་བྱ་བཞག་སྤེལ་དགོས་ལ། སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་རང་ལ་དཔག་པའི་འོས་འགན་རེར་ལེན་ཕྱིར་ཡིན།

 


བརྒྱད་པ། ལུགས་སྲོལ་ངན་པ་རྒྱུན་འགྱམས་སོང་བའི་འུར་བརྗོད་ཀྱི་ཕྱིའི་རྣམ་པ་ཙམ་བཏོན་རྒྱུར་དགའ་བ་དེ་དོན་དངོས་ཐོག་རྣམ་གཡེང་གི་རྒྱུན་རིམ་ཙམ་ཡིན་པའི་སྟོང་འདང་གི་གོ་རིམ་མཐའ་དག་མཇུག་སྒྲིལ་ཏེ། རང་གཞུང་དང་ཚོགས་པ་ཁག ཡང་ན་སྒེར་སོགས་ངོས་ནས་བོད་ལ་རང་དབང་གི་དོན་དངོས་ལེགས་འགྲུབ་ཡོང་ཕྱིར་ད་ཡོད་སྲིད་ཇུས་ཀྱི་ལེགས་ཕྱོགས་ཀྱི་རྨང་གཞིའི་ཐོག་སུའི་ཕན་ནུས་ཐོན་ཐབས་ཀྱི་གསར་གཏོད་དང་ལེགས་བཅོས་ཀྱི་དོན་ཚན་དང་རེའུ་མིག་དངོས་སུ་བཀོད་དེ་། དབང་ཚད་ཀྱི་གོ་རིམ་ནང་ལེགས་བསྒྱུར་སུའི་འཇོན་ན། དེ་དག་གི་བློ་གྲོས་དང་ཐབས་ཇུས་ཕྱོགས་གཅིག་ཏུ་སྤུངས་ཕྱིར་ཡིན།

 


དགུ་པ། གངས་ཅན་པ་ནི་བདེན་པར་དུང་བའི་མཐོ་སྒང་མི་རིགས་ཀྱི་རྒྱུད་འཛིན་པ་ཡིན་ལ། གངས་ཅན་པ་ནི་དྲང་པོའི་ཐབས་ལམ་ཁོ་ནར་བརྟེན་ནས་མཐར་ཐུགས་ཀྱི་རྒྱལ་ཁར་ཕྱོགས་བསམ་པའི་ཁ་བའི་ལྗོངས་ཀྱི་ཕུག་བསམ་ཅན་གྱི་མི་རིགས་ཤིག་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་དུ་སོ་སོས་རང་རིགས་ལ་སྤོབས་པ་སྦྱིན་དགོས་ལ། ང་ཚོས་དུས་དང་རྣམ་པ་ཀུན་དུ་བརྩོན་འགྲུས་དང་འཚོལ་བསྙེགས་ཀྱི་ཁ་བསྲབ་ལྷོད་མི་ཉེན། ང་ཚོས་ངེས་པར་དུ་རང་མགོ་རང་གིས་རྡུང་ཞིང་རང་རིགས་རང་གིས་ཕུང་བྱེད་ཀྱི་ཕྱི་ནང་གསང་གསུམ་གྱི་རུལ་སུངས་ཀྱི་ངན་སྤྱོད་མཐའ་དག་དོར་གང་ཐུབ་བྱེད་དགོས། ལེགས་པའི་ཆ་ཕྲ་མོ་ཙམ་ཡིན་ནའང་ཅི་ཡང་འབད་ཅིང་གང་ཡང་འཇོན་ནུས་ཐོན་ཕྱིར་བོད་ས་མི་མགོ་ནག་ཡོངས་ཀྱིས་ཧུར་བསྐྱེད་དགོས་པའི་བསྐུལ་འདེད་ཀྱང་ཡིན་།

 


བཅུ་པ། གོང་གསལ་དོན་ཚན་ཁག་ནི་བོད་མི་ཞིག་ཡིན་པའི་ངོས་ནས་རང་དབང་དང་དམངས་གཙོའི་ལུགས་མཐུན་གྱི་གོ་དབང་ལ་བརྩོན་ལེན་བྱ་བའི་སྔོན་འགྲོའི་བྱ་བ་ཙམ་ཡིན་ནའང༌། ད་དུང་ཡང་དེར་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་མདོག་མདོག་གིས་ཅོལ་ཆུང་ཚོའི་ཧ་ལས་ལས་དང་ཧོན་ཐོར་ཐོར་ལ་ལན་འདེབས་ཙམ་ཡང་ཡིན། གཞན་མ་འོངས་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་ཆེན་ལེགས་འགྲུབ་ཡོང་ཕྱིར་བཀའ་ཁྲིའི་འོས་འགན་དང་ཐད་ཀར་འབྲེལ་བའི་རང་རིགས་ཀྱི་ཆོས་སྲིད་ཕྱོགས་གཉིས་ལེགས་བསྒྱུར་ཡོང་ཐབས་དང་བོད་དོན་བདེན་མཐའ་གསལ་ཕྱིར་སྲིད་ཇུས་ཀྱི་དོན་གནད་འགའ་གཞན་རྩོམ་གྱི་ཐོག་ནས་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན།


2010ལོའི་ཟླ་3ཚེས6ཉིན་སྤེལ།

Share this:
༨༨ ཀློག་གྲངས།