ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་པ།

ཨོ་སི་ཊོ་ལི་ཡའི་ཨ་རིའི་སྐུ་ཚབ་ཀྱིས་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ནང་རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་སྐོར་བརྗོད་འདུག

14248899_1256894054334461_1849919273_nདེ་ཡང་ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཨོ་སི་ཊོ་ལི་ཡའི་གསར་ཁང་ཞིག་གིས་རྒྱལ་ཁབ་དེའི་ཨ་རིའི་སྐུ་ཚབ་སྐུ་ཞབས་རྗོན་བྷེ་རི་ལ་བཅར་འདྲི་བྱས་པ་བརྒྱུད། ཁོང་གིས་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ནང་རྒྱ་ནག་གི་དངུལ་འཕོན་ཆེན་འགྲོ་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་འདུག་པས། ཕྱིའི་རྒྱལ་ཁབ་ནས་ཞལ་འདེབས་ལེན་སྟངས་ཐད་ཁྲིམས་བསྐྱར་བཅོས་བྱེད་དགོས་པ་མཐོང་གི་ཡོད་སྐོར་བརྗོད་འདུག

ཁོང་གིས་“ང་ཚོར་སེམས་ཁྲལ་ཡོད་པའི་ཐོག་ནས་རེ་བ་ཞིག་རྒྱག་གི་ཡོད། ཨོ་སི་ཊོ་ལི་ཡས་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ནང་བཞིན་རང་ཉིད་ཀྱི་ལས་འགན་གཙོ་བོ་དེ་སྲུང་སྐྱོབ་བྱེད་ནས། སོ་སོའི་རྩ་འཛིན་ལྟ་བ་དང་མི་མཐུན་མཁན་གྱི་རྒྱལ་ཁབ་ནས་ཤུགས་རྐྱེན་མི་ཡོང་བ་བྱེད་དགོས་རེད།”

དེ་ཡང་བདུན་ཕྲག་སྔོན་མར་ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས། རྒྱ་ནག་གི་ཚོང་ལས་སྡེ་ཚན་ནས་སྒེར་གྱི་འགྲོ་སོང་ཆེད་དུ་དངུལ་བླངས་པའི་གནས་ཚུལ་ཐོན་ནས། ཁོང་གྲོས་ཚོགས་འཐུས་མིའི་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་བས། ཕྱོགས་འགལ་ཚོགས་པས་ཕྱིའི་རྒྱལ་ཁབ་ནས་ཞལ་འདེབས་ལེན་རྒྱུ་དེ་བཀག་སྡོམ་བྱེད་པའི་དགོས་འདུན་བཏོན་ཡོད་འདུག

ཨོ་སི་ཊོ་ལི་ཡས་ཨ་རི་དང་མི་འདྲ་བར། རྒྱལ་ནང་དང་ཕྱིའི་རྒྱལ་ཁབ་ནས་བྱུང་བའི་ཞལ་འདེབས་ལ་དབྱེ་འབྱེད་མེད་པར་བཀག་སྡོམ་བྱེད་ཀྱི་མེད་འདུག རྒྱལ་ཁབ་དེའི་བརྒྱུད་ལམ་ཞིག་གིས་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཚོང་ལས་སྡེ་ཚན་ཁག་གིས། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཆེ་ཁག་ལ་ཕྱི་ལོ་༢༠༡༣ ནས་༢༠༡༥ བར་ཨོ་སྒོར་ས་ཡ་༥.༥ ལས་མང་བ་སྤྲད་ཡོད་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག

ཕྱི་ལོ་༢༠༡༠ ལོར་ངལ་རྩོལ་ཚོགས་པས་གྲོས་ཚོགས་ནང་དུ་ཕྱིའི་རྒྱལ་ཁབ་ཀྱིས་ཞལ་འདེབས་སྤྲོད་རྒྱུ་བཀག་སྡོམ་བྱེད་པའི་གྲོས་ཆོད་ཅིག་བཏོན་ཡོད་འདུག་ཀྱང་། དེར་མང་མོས་རྒྱབ་སྐྱོར་མ་ཐོབ་པས་ཁྲིམས་སུ་གཏན་འབེབས་བྱེད་ཐུབ་མེད་པ་རེད།

རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས་ཨོ་སི་ཊོ་ལི་ཡ་དང་བལ་ཡུལ་སོགས་ཀྱི་ཆབ་སྲིད་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པ་རེད། དེ་བཞིན་ཨོ་སི་ཊོ་ལི་ཡ་དང་རྒྱ་གར་སོགས་ཀྱི་གསར་ཤོག་མང་པོ་ཞིག་ནང་རྒྱ་ནག་དམར་ཤོག་ཚོགས་པའི་བྱེད་ལས་དང་ལྟ་བ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དེ་ཡང་རྒྱ་ནག་གི་དཔལ་འབྱོར་གྱིས་བརྒྱུད་སྐུལ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༨༦ ཀློག་གྲངས།