གཏམ་རྒྱུད་དེབ་ཕྲེང་བཅུ་དང་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༡༦ ཕྱི་དྲོ་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་རྩོམ་པ་པོ་རེ་མདོ་སེང་གེས་བསྒྲིགས་པའི་༼གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་༽ཞེས་པའི་དེབ་ཕྲེང་བཅུ་དང་། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དྲ་ལམ་ཐོག་བཀོད་པ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
14365476_238048079930588_302328588_nམཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཕེབས་ཡོད་པ་དང་། གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་ཁག་ནི་བོད་ཀྱི་ལོ་རྒྱུས་ཐོག་ནས་མི་སྣ་སྐད་གྲགས་ཆེ་བ་ཚོའི་ལོ་རྒྱུས་སྙིང་བསྡུས་བྱས་པ་ཞིག་ཡིན་པ་དང་། གཞི་རིམ་བར་མའི་འཛིན་རིམ་བདུན་པ་ཡན་གྱི་སློབ་ཕྲུག་གི་གནས་ཚད་དང་བསྟུན་ནས་བྲིས་ཡོད་པ་རེད། རེ་མདོ་སེང་གེས་གསུང་དོན། “བཙན་བྱོལ་ནང་གི་མི་རབས་གསུམ་པ་དང་བཞི་པའི་མཚམས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ལ་འགྱུར་བ་ཕྱིན་པ་དང་མཉམ་དུ་སློབ་གྲྭ་ཁག་གི་གནས་སྟངས་ལ་ཡང་འགྱུར་བ་མང་པོ་ཕྱིན་པ་རེད། དེ་ཡང་། མི་སོ་སོའི་མི་ཚེའི་རིན་ཐང་ངོས་འཛིན་བྱེད་སྟངས་དང་།སློབ་གཉེར་བ་ཚོས་སློབ་སྦྱོང་གི་གོ་དོན་ངོས་འཛིན་བྱེད་སྟངས་གཉིས་ལ་འགྱུར་བ་ཕྱིན་པ་རེད། འགྱུར་བ་དེ་གཉིས་གནད་འགག་ཧ་ཅང་གིས་ཆེན་པོ་རེད། མི་སྒེར་གཅིག་གི་མི་ཚེའི་གནས་སྟངས་དང་། མི་རབས་གཅིག་གི་མ་འོངས་པའི་གནས་སྟངས། སློབ་གཉེར་བ་ཚོའི་སློབ་སྦྱོང་གི་གྲུབ་འབྲས་ག་འདྲ་ཆགས་མིན་དེ་གནད་དོན་འདི་གཉིས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་བསྡད་པ་གསལ་པོ་རེད་”ཅེས་དང་། ཡང་ཁོང་གིས་གསུང་དོན་དུ། “ད་ལྟ་ང་ཚོའི་སྤྱི་ཚོགས་འདི་ཧ་ཅང་གིས་ཉེན་ཁ་ཚ་པོ་ཡིན་པ་དང་། དེ་ཡང་ཕྱོགས་གཅིག་ནས་རྒྱ་མིའི་རྐྱེན་པས་ཡིན་རུང་། ཕྱོགས་གཞན་ཞིག་ནས་ང་རང་ཚོས་བཟོ་བཞིན་ཡོད་པས་དེར་གདོང་ལེན་བྱེད་ཚུལ་མི་འདྲ་བ་ཡོད་སྲིད་ནའང་། ང་རང་ཉིད་གནའ་རབས་ཀྱི་ཤེས་ཡོན་ལ་སློང་སྦྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གནའ་བོའི་མེས་པོ་དམ་པ་ཚོའི་མཛད་རྗེས་ཟུར་དྲངས་ཀྱིས་མི་རབས་གསར་པ་རྣམས་ལ་ཕན་ཐོགས་བསྐྲུན་ནས་གདོང་ལེན་བྱ་རྒྱུ་རེད་”ཅེས་སྐད་ཡིག་གལ་ཆེན་ཡིན་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་གྱིས་གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་ཁག་བཅུ་དང་འབྲེལ་ནས་གསུང་དོན་དུ། “ད་ཐེངས་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱིས་ཕྲུ་གུ་ཚོའི་ཆེད་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པ། བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་དེབ་བཅུ་ཐམ་པ་ཐེངས་གཅིག་ལ་བཏོན་པ་འདི་ནམ་རྒྱུན་དེབ་གཅིག་གཅིག་ལ་དབུ་འབྱེད་བྱེད་པ་དང་མི་འདྲ་བར་ལས་ཀའི་ཆ་ནས་ཀྱང་འབོར་ཆེན་པོ་ཡིན་པས། ཁོང་གིས་སྐུ་ལས་བསྐྱོན་སྟངས་ཐད་རང་བཞིན་གྱིས་དགའ་ཚོར་ཆེན་པོ་ཡོང་གི་འདུག རེ་མདོ་སེང་གེ་ལགས་ཀྱིས་སྔོན་མར་ཤེས་ཡོན་སྲིད་ཇུས་འགྲོ་སྟངས་ཐོག་རྟོག་ཞིབ་བྱས་པའི་དེབ་གཅིག་དང་། ད་ཐེངས་ཀྱི་གཏམ་བརྗོད་བཅུ་ལས་ལྔ་ཐམ་པ་ང་རང་གིས་བཀླགས་རྒྱུ་བྱུང་། ཁོང་གི་རྩོམ་རྩལ་ཡང་ཧ་ཅང་པོ་འདུག་པས་སློབ་ཕྲུག་ཚོས་དེའི་ཐོག་དོ་སྣང་གནང་རོགས་”ཞེས་དང་།

ཡང་ཁོང་གིས་བོད་ཡིག་ཉམས་ཆག་དང་འབྲེལ་ནས་གསུང་དོན་དུ། “བོད་ནང་དུ་རྒྱ་ནག་གིས་བཀག་འགོག་དང་། བཙན་བྱོལ་ནས་ང་ཚོ་ལྷོད་གཡེང་ཤོར་བ་གཉིས་ཀྱི་དབང་གིས་ང་ཚོའི་སྐད་ཡིག་ལ་ཕྱི་ནང་གཉིས་ཀའི་འགལ་རྐྱེན་ཡོད་ཙང་འཇིག་ཉེན་ཆེན་པོ་འདུག ད་ལྟ་རྦད་དེ་བརླགས་ཉེན་མེད་ན་ཡང་རིམ་པས་ཉེན་ཁ་ཡོད་རེད། དེར་བརྟེན་སློབ་ཕྲུག་ཚོས་ཤུགས་རྒྱག་དགོས་རེད། སློབ་གྲྭའི་ནང་ཆ་རྐྱེན་བསྐྲུན་ཡ་དེ་ཤེས་རིག་གི་ལས་ཁུངས་ཀྱི་འགན་ཡིན་རྐྱེན་ད་བར་ལས་འཆར་ཆེན་པོ་བསྒྲིགས་ནས་ཤུགས་རྒྱག་གི་ཡོད།”ཅེས་སོགས་གསུངས་སོང་།

དེ་རྗེས་བྱང་ཨ་རིའི་བོད་ཡིག་སློབ་དང་འབྲེལ་ནས་གསུངས་དོན་དུ། བྱང་ཨ་རིའི་བོད་ཡིག་སློབ་དེབ་དེ་བོད་ཀྱི་སྐད་ཡིག་གཉིས་སྐད་ཡིག་གཉིས་པའི་ཚུལ་དུ་སྦྱོང་མཁན་རྣམས་ལ་ཆེད་དུ་དམིགས་ནས་ཚན་པ་དང་པོ་དེ་བསྒྲིགས་ཡོད། དེའི་ནང་བརྡ་སྤྲོད་དང་མི་མཐུན་པ་དེ་འདྲ་ཡོད་ནའང་། ང་ཚོ་གཞུང་གི་སྲིད་ཇུས་ཐོག་བརྡ་སྤྲོད་དང་མཐུན་པ་དགོས་པས། སྤྱི་ཚོགས་དྲ་རྒྱ་ནས་བསམ་འཆར་མང་པོ་ཡོང་བ་དང་། དངོས་སུ་བསམ་འཆར་བཤད་མཁན་ཁ་ཤས་བྱུང་ཡོད་པའི་ཐོག་ནས་མང་ཚོགས་ཀྱི་ཚོར་བ་ང་ཚོས་ཤེས་ཀྱི་འདུག དེར་བརྟེན་ང་ཚོས་གལ་ཆེ་གལ་ཆུང་ལ་བལྟས་ནས་ཚན་པ་གསུམ་པའི་ནང་བརྡ་སྤྲོད་དང་མཐུན་པ་བྱས་ནས་བཟོ་ཡ་གཏན་འབེབས་བྱེད་ཀྱི་ཡོད་”ཅེས་དང་“བསམ་འཆར་བཤད་རྣམས་ལ་བརྟེན་ནས་ང་ཚོས་བསམ་བློ་མ་འཁོར་བ་གསར་པ་དེ་འདྲ་ཤེས་ཐུབ་ཀྱི་འདུག་པས། དེ་དག་ཚང་མར་ཐུགས་རྗེ་ཆེ་དང་དགའ་བསུ་ཞུ་ཡི་ཡིན་” ཞེས་གསུངས་སོང་།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༤༥ ཀློག་གྲངས།