བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འགོ་འཛུགས།

“ད་ང་ཚོ་འགན་འཁུར་མཁན་གྲོས་ཚོགས་ར་བའི་ནང་ཡོད་པའི་ཚོགས་མི་རྣམ་པ་ཡིན་ནའང་རེད། དེ་བཞིན་མི་མང་རྣམ་པ་ཡིན་ནའང་རེད། སྲི་ཞུའི་ལས་བྱེད་རྣམ་པ་ཡིན་ནའང་རེད། ཚང་མས་བློ་གཟུ་བོར་གནས་པའི་ཐོག་ནས་ཕྱར་གྲུ་མཉམ་འདེགས་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོའི་ནང་ནས་ཆེན་པོ་ཆགས་བསྡད་ཀྱི་འདུག”ཅེས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུངས་སོང་།

14388888_1260953487261851_1630856503_nདེ་ཡང་ཟླ་འདིའི་ཚེས་༢༠ ཉིན་དྷ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་འགོ་བཙུགས་ཡོད་པ་དང་། གྲོས་ཚོགས་ལས་རིམ་ཉིན་གཅིག་ལ་ཞུགས་མི་ཐུབ་མཁན་སྤྱི་འཐུས་༢ དང་ལས་རིམ་ཉིན་བཞིར་ཞུགས་མི་ཐུབ་མཁན་སྤྱི་འཐུས་༡། དེ་བཞིན་ཚོགས་དུས་ཆ་ཚང་ལ་ཞུགས་མི་ཐུབ་མཁན་སྤྱི་འཐུས་༡ བཅས་ཡོད་པ་རེད།

ཚོགས་གཙོས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་གནང་སྐབས། “སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་རྗེས་སུ་སྤྱི་འཐུས་རྣམ་པས་བོད་མིའི་སྡོད་གནས་ཁག་ལ་འཚམས་གཟིགས་སུ་བཅར་ཡོད་པ་རེད། སྐབས་དེར་ཚོགས་གཙོ་གཉིས་ཀྱི་ལམ་སྟོན་ནང་ལ་མི་མང་ལ་གོ་རྟོགས་སྤེལ་དགོས་པ་གཙོ་བོ་ནི་༧སྐྱབས་མགོན་རིན་པོའི་ཆེའི་མཛད་འཕྲིན་ཁག་དང་བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས་དང་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་ཁག་ངོ་སྤྲོད་གནང་རྒྱུ་དང་། ཞོར་དུ་བོད་མིའི་སྡོད་གནས་ཁག་གི་གནས་སྟངས་གཟིགས་ཞིབ་གནང་རྒྱུ། ཤེས་ཡོན་དང་འཕྲོད་བསྟེན་ཐོག དེ་མ་ཡིན་པའི་བདེ་སྡུག་གནས་སྟངས་གང་ལ་ཡང་གཟིགས་ཞིབ་གནང་དགོས་པའི་ལམ་སྟོན་གནང་བ་གཞིར་བཟུང། འདས་པའི་ཟླ་བ་ཁ་ཤས་ནང་སྤྱི་འཐུས་ཀྱི་འཚམས་གཟིགས་ཡོངས་སུ་གྲུབ་ཡོད། སྤྱི་འཐུས་ཁག་གི་འཚམས་གཟིགས་ཀྱི་ལས་བསྡོམས་རྣམས་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱིས་དབྱེ་ཞིབ་བྱས་ནས། འཛིན་སྐྱོང་བཀའ་ཤག་དང་འབྲེལ་བ་ཡོད་པ་རྣམ་འབྲེལ་ཡོད་ལྷན་ཁང་ཁག་ལ་ཕུལ་ཡོད་པས། འབྲེལ་ཡོད་ལྷན་ཁང་ཁག་གིས་ཞིབ་འཇུག་གནང་རྒྱུ་དང་ལས་འཆར་ཁག་བང་སྒྲིག་རྒྱུ་སོགས་ཚགས་ཚུད་པོ་ཡོང་བའི་ཡིད་ཆེས་ཞུ་ཡི་ཡོད། དེ་བཞིན་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བའི་རིགས་ཁག་ཅིག་སྤྱི་འཐུས་རྒྱུན་ལས་ནང་ཁུལ་གོ་བསྡུར་གནང་སྟེ། ཁུངས་སོ་སོར་ལན་ཕུལ་ཡོད། འཚམས་གཟིགས་ཀྱི་ལས་རིམ་ལ་སྤྱི་འཐུས་རེ་གཉིས་སྒེར་གྱི་གནད་དོན་དང་འབྲེལ་ནས་བཅར་ཐུབ་མེད་པ་མ་གཏོགས། སྤྱི་འཐུས་མང་ཆེ་བ་བཅར་ནས་ས་གནས་ཁག་ལ་འཚམས་གཟིགས་སྐབས་དཀའ་འཚེགས་ལ་མ་ལྟོས་པར། ཕྱག་ལས་འབུར་དུ་ཐོན་པ་གནང་འདུག་པས་ཚོགས་གཙོ་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བསྔགས་བརྗོད་ཞུ་ཡི་ཡོད།”ཅེས་གསུངས་སོང་།

14397863_1260953463928520_2110582408_nདེ་བཞིན་ཁོང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་སྐོར་གསུངས་ནས། རྒྱ་ནག་གི་གྲོང་ཁྱེར་ཁག་ནས་བོད་ཀྱི་ས་ཁུལ་ཁག་ཏུ་མེ་འཁོར་ལྕགས་ལམ་གསར་དུ་འཛུགས་སྐྲུན་བྱེད་རྒྱུའི་ལས་འཆར་ཡོད་པས། མེ་འཁོར་གྱི་འབབ་ཚུགས་སུ་ཆགས་ཡོད་པའི་བོད་ཀྱི་གྲོང་རྡལ་རྣམས་གྲོང་ཁྱེར་གྱི་རྣམ་པར་གྱུར་ནས། བོད་མི་རྣམས་གྲང་ཉུང་མི་རིགས་དང་ས་ཆ་ཆེན་པོ་ཡོད་པ་ཡིན་དུས་། བོད་ནང་དུ་མི་འབོར་སྤོ་ཤུགས་བྱེད་རྒྱུ་ལས་སླ་པོ་ཆགས་ཀྱི་ཡོད་པས་། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ཀྱི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པ། དེ་བཞིན་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་སྲིད་ཇུས་ལ་འདོད་པ་མེད་ནས། ཕྱི་ལོ་༡༩༨༧ ནས་འགོ་བཙུགས། ༢༠༠༨ ལོར་ས་བྱི་ཞི་བའི་ངོ་རྒོལ་དང་། དེ་བཞིན་ཕྱི་ལོ་༢༠༠༩ ལོ་ནས་ད་བར་བོད་མི་༡༤༤ ཡིས་རང་ལུས་མེར་སྲེག་གནང་བ་སོགས་ཀྱི་ཐོག་ནས་ཁོང་རྣམ་པའི་མངོན་འདོད་༧གོང་ས་མཆོག་བོད་ལ་ཕེབས་རྒྱུ་དང་བོད་ལ་རང་དབང་དགོས་པ་དེ་གསལ་སྟོན་བྱས་པ་མ་ཟད། རྒྱལ་སྤྱིའི་ཐོག་ལ་གསལ་སྟོན་བྱེད་ཐུབ་ཡོད་པས་དེ་རྒྱལ་ཁར་བརྩིས་ན་མི་འགྲིག་པ་མེད་པ། ད་ལྟའི་ཆར་རྒྱ་ནག་གིས་བོད་ཀྱི་ཐོག་ལ་ཞུགས་མོལ་ཚོགས་འདུ་རིམ་པ་འཚོགས་པ་དང་རྒྱབ་ཤ་དཀར་པོ་རིམ་པ་བཏོན་ཡོད་པས། དེ་དག་ལས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་རྣམ་པ་གང་མཐོང་རྒྱུ་མེད་དེ། རྒྱ་ནག་གི་འགོ་ཁྲིད་ནང་ཁུལ་ལ་བསམ་ཚུལ་མི་མཐུན་པ་ཡོད་པ་གསལ་པོ་ཡིན་པས། ༧གོང་མཆོག་གི་སྐུ་ཚབ་དང་གྲོས་མོལ་བྱེད་དགོས་པའི་རེ་སྐུལ་བྱེད་འདོད་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་འདས་པའི་ཟླ་ཤས་རིང་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་རིག་གཞུང་ཉར་ཚགས་གནང་བར། བཙན་བྱོལ་སྒྲིག་འཛུགས་དང་མི་མང་གིས་འགན་བཞེས་དགོས་པ། བོད་ནང་གི་ཁོར་ཡུག་གནས་སྟངས་ཛ་དྲག་ཡིན་པས་ཚང་མས་འགན་ཁུར་དགོས་པ་སོགས་ཀྱི་སྐོར་ལ་གསུངསོང་།

ཁོང་གིས་མུ་མཐུད་དུ་བར་ལམ་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྐབས་ལ་སྤྱི་ཚོགས་ནང་ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར་ལྟ་བུའི་རྣམ་པ་བྱུང་ནས། ༧གོང་ས་མཆོག་ཐུགས་དགོངས་ཚོམས་པ་དང་བློ་གཟུ་བོར་གནས་པའི་བོད་མི་མང་པོ་ཞིག་ལ་སེམས་འཕམ་བྱུང་ཡོད་དེ། ཉེ་ཆར་༧གོང་ས་མཆོག་གིས་ད་ལྟའི་ཆར་འོས་བསྡུའི་གནས་ཚུལ་དེ་དག་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་པས་བློ་བདེ་པོ་བྱོས་ཞེས་དང་། དེ་བཞིན་བོད་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་གཅིག་དང་སྡུག་ན་སྡུག་གཅིག སྐྱིད་སྡུག་མཉམ་མྱོང་ཡིན་ཞེས་བཀའ་སློབ་ཕེབས་ཡོད་སྐོར་གསུངས་ནས། “ད་ང་ཚོ་འགན་འཁུར་མཁན་གྲོས་ཚོགས་ར་བའི་ནང་ཡོད་པའི་ཚོགས་མི་རྣམ་པ་ཡིན་ནའང་རེད། དེ་བཞིན་མི་མང་རྣམ་པ་ཡིན་ནའང་རེད། སྲི་ཞུའི་ལས་བྱེད་རྣམ་པ་ཡིན་ནའང་རེད། ཚང་མས་བློ་གཟུ་བོར་གནས་པའི་ཐོག་ནས་ཕྱག་གྲུ་མཉམ་འདེགས་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོའི་ནང་ནས་ཆེན་པོ་ཆགས་བསྡད་ཀྱི་འདུག དེ་འདྲའི་ཐོག་མུ་མཐུད་ནས་བོད་དོན་བདེན་མཐའ་མ་སེལ་བར་དུ། བཙན་བྱོལ་སྒྲིག་འཛུགས་དེ་སྲ་བརྟན་ཚགས་ཚུད་ཡོང་རྒྱུའི་མཐུན་རྐྱེན་གལ་ཆེན་པོའི་ནང་ནས་ཆེན་པོ་སྲོག་རྩ་ལྟ་བུ་དེ་ཆགས་བསྡད་ཀྱི་འདུག་པས། དགོངས་པ་དེ་འདྲ་བཞེས་ནས་མ་འོངས་པར་དེ་འདྲ་མ་ཡོང་བའི་དམ་བཅའ་དང་། ཡིད་ཆེས། ངེས་པ་རྙེད་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

གྲོས་ཚོགས་ཚོགས་དུས་གཉིས་པ་དེར་གཙོ་བོ་ལྷན་ཁང་ཁག་གིས་ལས་བསྡོམས་སྙན་སྒྲོན་དང་དེ་དང་འབྲེལ་བའི་གྲོས་འཆར་གྲོས་ཆོད་ཐོག་བགྲོ་གླེང་ཞུ་རྒྱུ་ཡིན་པ་རེད། དེ་བཞིན་ཐེངས་འདིར་མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ་སྐུ་གྲོངས་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་། ཐུགས་སྣང་ཞེན་སྐུལ་གྱི་གྲོས་འཆར། སྤྱི་འཐུས་སྒེར་གྱི་གྲོས་འཆར། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་༨ པ་འཛུགས་དགོས་པའི་གྲོས་འཆར། སྐར་རྟགས་ཅན་གྱི་དྲི་བ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་ཐད་བསྐོའི་ལས་བྱེད་དེ་ཚོ་སྲི་ཞུའི་ལས་བྱེད་སྤྱི་དང་ཟླ་བསྒྲིལ་བྱེད་རྒྱུའི་ཁྲིམས་འཆར་ཞིག་འདོན་འཆར་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༨༣ ཀློག་གྲངས།