ཉེས་ཅན་པ་ཕྱིར་སྤྲོད་བྱེད་ཕྱོགས་ལ་ཁེ་ན་ཊ་དང་རྒྱ་ནག་གཉིས་གྲོས་མོལ་བྱེད་རྒྱུ།

ཁེ་ན་ཊ་ཡིས་ལོ་མང་རིང་ངོས་ལེན་བྱས་མེད་པའི་རྒྱ་ནག་དང་ཉེས་ཅན་པ་ཕྱིར་སྤྲོད་ཀྱི་གྲོས་ཆོད་ལ། ད་ལྟ་གྲོས་མོལ་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག་པ་དང་། དེ་ལ་སྐྱོན་བརྗོད་བྱེད་ཀྱང་མཁན་མང་པོ་ཡོད་འདུག

14442689_1261759523847914_1430910471_nཟླ་འདིའི་ཚེས་༢༡ ཉིན་གྱི་ནེའུ་ཡོག་དུས་བབ་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༡༢ ཉིན་ཁེ་ན་ཊའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཌི་ནེལ་ཇཱེན་དང་རྒྱ་ནག་གི་དབུས་ཆབ་སྲིད་དང་ཁྲིམས་དོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཝང་ཡོན་ཆིང་གཉིས་ཀྱིས་གྲོས་ཆོད་ལ་མིང་རྟགས་བཀོད་ནས། རྒྱ་རིགས་ལྐོག་ཟ་རུལ་སོང་བྱས་ཏེ་ཁེ་ན་ཌར་བྲོས་བྱོལ་ལ་སོང་བ་རྣམས་ཀྱིས་བསགས་པའི་རྒྱུ་ནོར་རྒྱལ་ཁབ་གཉིས་ཀྱི་བར་ལ་བགོ་བཤའ་རྒྱག་རྒྱུ་དང་། ལོ་གཅིག་རིང་རྒྱ་ནག་ནས་ཆེད་ལས་པ་སླེབས་ནས། ཁེ་ན་ཌར་ཡོད་པའི་རྒྱ་རིགས་ནག་ཉེས་ཅན་ངོས་འཛིན་བྱེད་རྒྱུ་དང་ཕྱིར་ལོག་གི་བརྒྱུད་རིམ་གྲ་སྒྲིག་ལ་རོགས་པ་བྱེད་རྒྱུར་མོས་མཐུན་བྱུང་ཡོད་འདུག

ཉེ་བའི་ཆར་ཁེ་ན་ཊའི་སྲིད་བློན་རྗ་སེ་ཀྲེན་ཀྲུ་རུ་ཌེའུ་རྒྱ་ནག་ལ་ཕྱིན་ཡོད་པ་དང་། དེ་རྗེས་སུ་ལོ་གཉིས་རིང་ཁེ་ན་ཊའི་མི་སེར་ཞིག་ལ་རྒྱ་ནག་གིས་གསང་མྱུལ་གྱི་ཉེས་འཛུགས་ཐོག་བཙོན་འཇུག་བྱས་པ་ཞིག་གློད་གྲོལ་བཏང་ཡོད་འདུག ཁེ་ན་ཊའི་སྲིད་བློན་གྱིས་གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་དང་ཆོད་གན་གང་ཡང་བཞག་མེད་སྐོར་བརྗོད་འདུག་ཀྱང་། རྒྱ་ནག་དང་ཉེས་ཅན་པ་ཕྱིར་སྤྲོད་ཀྱི་གྲོས་དོན་ལ་གྲོས་མོལ་བྱེད་རྒྱུའི་གནས་ཚུལ་ཐོན་སྐབས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས་ཕྱོགས་གཉིས་ཀྱི་ཆོད་གན་བཞག་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་དུ་རྒྱ་རིགས་ལྐོག་ཟ་རུལ་སུངས་པ་མང་པོ་བྲོས་བྱོལ་ཕྱིན་ནས་གནས་སྡོད་བྱེད་ཀྱི་ཡོད་པར་བརྗོད་ནས། རྒྱལ་ཁབ་དེ་དག་ལ་ཉེས་ཅན་པ་ཕྱིར་སྤྲོད་ཀྱི་གྲོས་ཆོད་འཇོག་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཁྲིམས་གཏུགས་ཀྱི་བརྒྱུད་རིམ་དྲང་པོ་མེད་རྐྱེན། རྒྱལ་ཁབ་མང་པོ་ཞིག་གིས་གྲོས་ཆོད་དེ་འཇོག་རྒྱུར་ངོས་ལེན་བྱེད་ཀྱི་མེད་འདུག འོན་ཀྱང་ཐེངས་འདིར་ཁེ་ན་ཊ་དང་རྒྱ་ནག་གཉིས་བར་གྲོས་དོན་དེའི་ཐད་ཟླ་ཤས་ནང་གྲོས་མོལ་བྱེད་རྒྱུ་མོས་མཐུན་བྱུང་ཡོད་པས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་གྱིས་གལ་སྲིད་ཁེ་ན་ཊའི་གྲོས་དོན་དེར་མིང་རྟགས་བཀོད་ཚེ། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་ཡང་གནས་ཚུལ་དེ་བེད་སྤྱད་ནས་གྲོས་ཆོད་འཇོག་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཁེ་ན་ཊའི་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་ནང་། འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་རྒྱ་ནག་དང་འབྲེལ་བའི་ཆ་རྐྱེན་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང་། ཉེ་ཆར་ཉེས་ཅན་པ་ཕྱིར་སྤྲོད་ཀྱི་གྲོས་མོལ་ཐོག་ཆ་རྐྱེན་དེ་དག་སྐོར་ལ་ནན་བརྗོད་བྱས་ཡོད་ཅེས་བཀོད་ཡོད་འདུག་ཀྱང་། སྐྱོན་བརྗོད་བྱེད་མཁན་ཚོས་དེ་ནི་སྲིད་བློན་རྗ་སེ་ཀྲེན་ཀྲུ་རུ་ཌེའུ་ཡིས་རྒྱ་ནག་དང་འབྲེལ་བ་ཡག་ཏུ་གཏོང་ཆེད་དུ་ཁེ་ན་ཌའི་བརྩི་མཐོང་སྤྲོད་ཡུལ་གྱི་ལྟ་གྲུབ་དང་ཁེ་ཕན་ལ་སྲུང་སྐྱོབ་མི་བྱེད་པར་མགོ་བཏགས་ཞུས་པ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༡ ལོར་ཁེ་ན་ཊས་རྒྱ་རིགས་ཤིག་ཕྱིར་སྤྲོད་བྱས་འདུག་པ་དང་། དེ་ཡང་རྒྱ་ནག་གིས་ཁོང་ལ་སྡུག་སྦྱོང་དང་སྲོག་ཐོག་མི་གཏོང་བ་ཁས་ལེན་བྱས་རྗེས་ཕྱིར་སྤྲོད་བྱས་ཡོད་འདུག་པས། ཁོང་ལ་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༨༣ ཀློག་གྲངས།