རྒྱ་རིགས་ཁྲིམས་རྩོད་པ་ཞིག་ལ་ཁྲིམས་ཆད།

རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞའི་ལིན་ལ་མི་མང་མགོ་སྐོར་བཏང་བའི་ཉེས་འཛུགས་འོག་ལོ་ངོ་༡༢ ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

14445360_1262601597097040_2054880694_nདེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱ་ནག་གི་སྒྱུ་རྩལ་པ་གྲགས་ཅན་དང་རྒྱ་གཞུང་གི་དྲ་རྒྱ་བཀག་སྡོམ་སོགས་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཨའི་ཝི་ཝི་དང་། དེ་བཞིན་རྒྱ་ནག་གི་རྩོམ་པ་པོ་དང་ལས་འགུལ་བ་གྷའུ་ཡུ་ཞན་སོགས་ཀྱི་ཁྲིམས་རྩོད་པ་ཞའི་ལིན་ལ། རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་མི་༤ ལས་ཨ་སྒོར་ཁྲི་༧༢ མགོ་སྐོར་བཏང་ནས་བླངས་ཡོད་པའི་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁྲིམས་རྩོད་པ་ཁོང་དང་ཁོང་གི་བཟའ་ཟླ། དེ་བཞིན་རྒྱབ་སྐྱོར་བ་ཚོས་ཁྲིམས་ཁང་གི་ཉེས་འཛུགས་དེར་ངོས་ལེན་བྱས་མེད་ཁར། དངུལ་དེ་དག་ནི་ཁྲིམས་མཐུན་གྱི་བུ་ལོན་ཡིན་པ། དེ་བཞིན་ཉེས་འཛུགས་དེ་ནི་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོ་ཁ་བཀག་ཆེད་ཀྱི་ལས་འགུལ་ཞིག་ཡིན་སྐོར་བརྗོད་ནས། ཁྲིམས་རྩོད་པ་ཁོང་གིས་ཁྲིམས་ཀྱི་བརྒྱུད་རིམ་དེ་དྲང་པོ་བྱུང་མེད་པ་དང་། ཁོང་གི་འགྲོ་བ་མིའི་ཐོ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་ལ་བརྟེན་ནས་ཁྲིམས་ཆད་བཏང་བ་ཡིན་པས། ཁྲིམས་ཁང་ལ་བསྐྱར་དུ་ཞུ་གཏུག་བྱེད་རྒྱུ་ཐག་གཅོད་བྱས་འདུག

ཁྲིམས་རྩོད་པ་ཞའི་ལིན་གྱིས་ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་ལས་འགུལ་བ་དང་རྩོམ་པ་པོ་གྷའུ་ཡུ་ཞན་གྱི་ཁྲིམས་རྩོད་པ་བྱེད་རྒྱུ་ཁས་བླངས་རྗེས། འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། སྐབས་དེར་ཐེངས་མང་པོར་ཁོང་ལ་ཁྲིམས་རྩོད་པའི་ཆ་རྐྱེན་དགོས་པའི་རེ་སྐུལ་རྩིས་མེད་བཏང་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གིས་ལོ་སྔོན་མ་ནས་འགོ་བཙུགས་ཏེ་ད་བར་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་༢༤༨ བཀག་ཉར་དང་ཉེས་འཛུགས། དེ་བཞིན་འདྲི་གཅོད་སོགས་བྱས་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༥ ཀློག་གྲངས།