བོད་ཀྱི་གཙང་ཆུ་བེད་སྤྱོད་གཏོང་སྟངས་ཐད་རྒྱ་ནག་དང་ཆིངས་ཡིག་འཇོག་དགོས།

ལས་འགུལ་བ་དང་མཁས་པ་ཁག་ཅིག་གི་བགྲོ་གླེང་ཐོག བོད་ཀྱི་གཙང་པོ་༡༠ ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་བོད་ཀྱི་གཙང་ཆུ་བེད་སྤྱོད་བྱེད་ཕྱོགས་ཐད། ཆིངས་ཡིག་འཇོག་དགོས་སྐོར་གྱི་བསམ་ཚུལ་བཏོན་འདུག

14470932_1266027350087798_1096541964_nདེ་ཡང་ཟླ་འདིའི་ཚེས་༢༣ ཉིན་སྟེ། རྒྱལ་སྤྱིའི་གཙང་ཆུའི་ཉིན་མོའི་ཡར་སྔོན་དེར་སྟབས་བསྟུན་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས། བོད་ནང་ཆུ་རགས་མང་པོ་རྒྱག་བཞིན་པའི་ཛ་དྲག་གནས་སྟངས་དང་ཨེ་ཤི་ཡའི་ཆུའི་བདེ་འཇགས་ལ་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག རྒྱལ་སྤྱིའི་བགྲོ་གླེང་ཐེངས་དང་པོ་གོ་སྒྲིག་བྱས་ཡོད་པ་རེད། དེ་གར་གཏམ་བཤད་བྱེད་མཁན་རྒྱ་གར་དང་བྷང་ལ་དྷེ་ཤེ། ཐེ་ལེན་ཌེ། བཙན་བྱོལ་བོད་མི་བཅས་ནས་སློབ་དཔོན་དང་ལས་འགུལ་བ། ཉམས་ཞིབ་པ་སོགས་སླེབས་ཡོད་འདུག་པ་དང་། ཚོགས་ཞུགས་པ་རྒྱ་གར་བ་དང་བོད་པའི་སློབ་ཕྲུག སྤྱི་ཚོགས་ཞབས་ཞུའི་ཚོགས་མི་སོགས་༡༥༠ ལས་མང་བས་མཉམ་ཞུགས་བྱས་ཡོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་བགྲོ་གླེང་འདི་གོ་སྒྲིག་བྱེད་དོན་ནི། ལོ་མང་སྔོན་ནས་རྒྱ་ནག་གིས་བོད་ཀྱི་གཙང་པོའི་སྟེང་དུ་ཆུ་རགས་རྒྱག་པའི་གྲངས་ཚད་མང་དུ་ཕྱིན་ཡོད་པ་དང་། དེ་བཞིན་ཆུའི་ཁ་ཕྱོགས་སྒྱུར་བ་སོགས་བྱེད་ཀྱི་ཡོད་པས། དེ་ལས་བོད་ཀྱི་གཙང་ཆུ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཨེ་ཤི་ཡའི་མི་མང་ཐེར་འབུམ་༢ ཙམ་ལ་ཚབས་ཆེན་གྱི་གནོད་སྐྱོན་བཏང་དང་གཏོང་བཞིན་ཡོད་པའི་སྐོར་ལ་གོ་རྟོགས་སྤེལ་ཆེད་དང་། རྒྱ་ནག་གི་འགན་མ་ཁུར་པའི་ཁོར་ཡུག་གཏོར་སྐྱོན་གྱི་བྱེད་ལས་དེ་དག་ཐེར་འདོན་བྱེད་ཆེད་དུ་བགྲོ་གླེང་དེ་གོ་སྒྲིག་བྱས་པ་ཡིན་སྐོར་བརྗོད་སོང་།

ལྡི་ལིའི་ནེ་ཧ་རུའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཱི་ལབ་ཅན་ཌེ་ར་ཤཱར་མས་ “བོད་ནང་གི་ཆུ་མཛོད་དེ་ཚོ་ཁོར་ཡུག་ལ་གནོད་སྐྱོན་ཡོད་པ་མ་ཟད། ཆུ་མཛོད་དེ་དག་ས་ཡོམ་སྐབས་སུ་འཐོར་ནས་ང་ཚོར་གཏོར་སྐྱོན་ཆེན་པོ་འབྱུང་སྲིད་པ་དང་། དེ་བཞིན་རྒྱ་གར་དང་རྒྱ་ནག་གཉིས་བར་དམག་ཤོར་ཚེ། ཁོ་ཚོས་ཆུ་མཛོད་དེ་དག་ཆེད་དུ་མངགས་ནས་གློད་སྲིད་པ་རེད།”ཅེས་དང་། རྒྱ་གར་གྱིས་བོད་དོན་དེ་རྒྱལ་སྤྱིའི་ཐོག་གླེང་སློང་བྱེད་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག

དེ་བཞིན་ཐེ་ལེན་ཌེའི་ལས་འགུལ་བ་ཏཱ་ན་སེག་གིས་རྒྱ་ནག་གིས་བོད་ཀྱི་གཙང་པོ་དེ་དག་ཕྱི་འབྲེལ་སྲིད་ཇུས་ལ་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་གྱིས་རྒྱ་གར་ནང་ཆུའི་དགོས་མཁོ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཁར། རྒྱ་ནག་གིས་བོད་ཀྱི་གཙང་ཆུ་དེ་དག་རྒྱ་གར་ལ་ཁ་གཏད་གཅོག་ཆེད་ཀྱི་ལག་ཆར་བེད་སྤྱོད་བྱེད་པར་ཐེ་ཚོམས་བྱེད་ཀྱི་མ་རེད་ལ། གཙང་ཆུ་དེ་དག་ལ་བརྟེན་མཁན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཆིག་སྒྲིལ་ཐོག རྒྱ་ནག་ལ་གཙང་ཆུ་བེད་སྤྱོད་བྱེད་ཕྱོགས་ཐོག་ཆིངས་ཡིག་འཇོག་པར་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་འདུག

དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་རྗོ་སེ་ནས་བོད་ནང་གི་ཆུ་མཛོད་མང་པོ་ཞིག་གཏེར་ཁ་སྔོག་ཡུལ་དང་རྡོ་སྣུམ་འདོན་ཡུལ་གྱི་ཉེ་འགྲམ་ལ་ཡོད་པས། ཆུ་བོ་མང་པོ་ཞིག་སྦག་བཙོག་བཟོ་ཡི་ཡོད་ཀྱང་། རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཁང་ཁག་གིས་བོད་ནང་གི་ཁོར་ཡུག་རྟོག་ཞིབ་བྱེད་ཐུབ་ཀྱི་མེད་པ་དང་། ས་གནས་ཡུལ་མི་ཚོས་ཁོར་ཡུག་གཏོར་སྐྱོན་གྱི་བྱེད་ལས་དེ་དག་ལ་ངོ་རྒོལ་རྒྱུན་དུ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༤༩ ཀློག་གྲངས།