དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མཇུག་བསྒྲིལ་བ།

ཟླ་འདིའི་ཚེས་༢༧ ཉིན་གདན་ས་དགའ་ལྡན་དགོན་པར་འཚོགས་པའི་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་མཇུག་བསྡོམས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་རུ་འཚོགས་ཡོད་པ་རེད།

geluk1འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དེ་ཕྱི་ལོ་༢༠༡༦  ཟླ་༩  ཚེས་༦  ནས་ཚེས་༢༧  བར་འཚོགས་ཡོད་པ་དང་། དེར་སེར་འབྲས་དགའ་གསུམ་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ནས་ཕེབས་པའི་སློབ་གཉེར་བ་གྲངས་༧༡༤  མཉམ་ཞུགས་གནང་ཡོད་པ་རེད།

དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་པར་ངེས་བར་དུ་ཚང་དགོས་པའི་ཆ་རྐྱེན་ཁག་ནི་སོ་སོའི་གྲྭ་ཚང་དུ་ལོ་ངོ་༡༦ ནས་༡༧  བར་འཛིན་གྲྭ་ཆ་ཚང་ཐོན་རྗེས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོར་དགེ་བཤེས་ལྷ་རམས་པའི་སྔོན་འགྲོའི་རྒྱུགས་སྤྲོད་ལོ་ངོ་དྲུག་བྱེད་དགོས་ཀྱི་ཡོད་པ་དང་། ད་ལོར་དགེ་ལུགས་རྒྱུགས་སྤྲོད་དོ་དམ་པ་དགེ་བཤེས་ལྷ་རམས་པ་༣ དང་རྒྱུན་ལས་༢  རྒྱུགས་བཞེས་པ་དགེ་བཤེས་ལྷ་རམས་པ་༣༠ ནས་སྡེ་ཚན་༡༠ ལ་ཆ་བགོས་ཀྱིས་རྒྱུགས་སྤྲོད་ལྟ་རྟོགས་པ་དགེ་བཤེས་གྲངས་༡༠ བཅས་བསྐོ་བཞག་བྱས་ཡོད་པ་རེད།   རྒྱུགས་སྤྲོད་བྱེད་པོ་སློབ་གཉེར་བ་གྲངས་ ༧༡༤  ནས། གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་སྡེ་ཚན་༧༣ ཆ་བགོས་བྱས་ནས་མི་རེ་རེ་ནས་རྟགས་གསལ་ཐེངས་ལྔ་རེར་གཏོང་དགོས་ཀྱི་ཡོད་པ་དང་།

བྲིས་རྒྱུགས་སྡེ་ཚན་༢  ཕྱེ་ནས་བཀའ་རམས་འཛིན་གྲྭ་གཉིས་ནས་བྲིས་རྒྱུགས་ཐེངས་དགུ་དང་སློབ་དཔོན་འཛིན་གྲྭ་གཉིས་ནས་ཐེངས་དྲུག་བཅས་བྲིས་རྒྱུགས་སྤྲོད་དགོས་ཀྱི་ཡོད་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

 

Share this:
༤༠༩ ཀློག་གྲངས།