འཕྲིན་ཕྲན་ཚོགས་པའི་སྙན་ངག་འགྲན་སྡུར།

འཕྲིན་ཕྲན་ཚོགས་པ་རྨོངས་སད་གླིང་གིས་བདུན་རེའི་སྙན་ངག་ཐེངས་བརྒྱ་ལོན་ཡོད་པ་དང་། ཟླ་འདིའི་ཚེས་༡ ཉིན་རྨོངས་སད་གླིང་གི་བདུན་རེའི་སྙན་ངག་ཐེངས་བརྒྱ་ལོན་པའི་མཛད་སྒོ་ཞིག་སྐད་འཕྲིན་ཐོག་འཚོགས་ཡོད་པ་རེད།

ཚོགས་གཙོ་སེར་ཤུལ་རབ་གསལ་གྱིས་མཛད་སྒོ་མཛད་སྒོ་ངོ་སྤྲོད་དང་། དེ་རྗེས་སྙན་ངག་འགྲན་བསྡུར་ཐེངས་བརྒྱ་པའི་རྩེ་ཕུད་དྲུག་ལ་གཟེངས་རྟགས་དང་བྱ་དགའ་སྤྲད་རྗེས། གདན་ཞུའི་གཏམ་བཤད་པ་རྩོམ་པ་པོ་དུར་བྱང་གིས་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་ཀྱི་སྐོར་ལ་གཏམ་བཤད་དང་། དེའི་སྐོར་བགྲོ་གླེང་གནང་སོང་།

རྩོམ་པ་པོ་ཧོར་གཙང་འཇིགས་མེད་དང་།  སྙན་ངག་པ་ཞི་བདེ་ཉི་མ་གཉིས་ཀྱིས་ཀྱང་རིམ་བཞིན་སྙན་ངག་དང་འབྲེལ་བའི་གཏམ་བཤད་བྱེད་རྒྱུ་ཡིན་ཁར་བོད་ཕྱི་ནང་གཉིས་ཀྱི་སྙན་ངག་གྱེར་འདོན་པ་རྣམས་དང་། གཞས་པ་གཞས་མ་བཅས་མཉམ་འཛོམས་ཐོག་ཉིན་གཉིས་ཀྱི་རིང་ལ་མཛད་སྒོ་འཚོགས་རྒྱུ་རེད་འདུག མཛད་སྒོའི་ཐོག་ནམ་རྒྱུན་ནས་སྙན་ངག་འབྲི་མཁན་གྱི་ཚོགས་མི་རྣམས་གཙོས་པའི་ད་ལྟ་ཚོགས་བཅར་བ་༢༦༥ ཡོད་པ་རེད།

རྨོངས་སད་གླིང་ནི་ཕྱི་ལོ་༢༠༡༤ ལོའི་ཕྱི་ཟླ་༡༡ པའི་ཕྱི་ཚེས་༥། རེས་གཟའ་ལྷག་དཀར་ཉིན་དངོས་སུ་དབུ་འཛུགས་ཀྱིས་བོད་ཕྱི་ནང་གཉིས་ནས་རྩོམ་རིག་དང་སྙན་ངག་ལ་དགའ་མོས་ཆེ་བའི་ཚོགས་མི་༧༠ ཙམ་གྱིས་གྲུབ་པའི་སྐད་འཕྲིན་ཚོགས་པ་ཞིག་ཡིན་འདུག་ལ། ཚོགས་མི་ཚང་མས་བདུན་རེར་སྙན་ངག་རེ་རེ་ངེས་པར་དུ་འབྲི་དགོས་པའི་སྒྲིག་ཁྲིམས་ཀྱིས་ད་བར་སྙན་ངག་འགྲན་སྡུར་ཐེངས་བརྒྱ་ཐམ་པ་བྱས་ཡོད་འདུག  ད་བར་སྙན་ངག་འགྲན་བསྡུར་ཐེངས་བརྒྱ་བྱས་པའི་བརྒྱུད་རིམ་ནང་ཉུང་མཐའ་ཡང་ཚོགས་མི་རྙིང་པ་ཚོས་སྙན་ངག་ཐེངས་བརྒྱ་རེ་བྲིས་ཡོད་པའི་གནས་ཚུལ་འདུག

རྨོངས་སད་གླིང་གི་དམིགས་འདུན་ནི། སྐད་འཕྲིན་ཚོགས་པ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་དང་སྙན་ངག་ལ་དགའ་ཞེན་ཆེ་བའི་གསར་སྐྱེས་རྣམས་ཀྱི་བར་འབྲེལ་བ་ཡོང་ཐབས་དང་། བོད་ཀྱི་རྩོམ་རིག་དང་སྙན་ངག་གིས་མཚོན་པའི་རྩ་ཆེའི་སྲོལ་རྒྱུན་རིག་གནས་རྣམས་ལ་སློབ་སྦྱོང་ཡོང་ཆེད་དུ་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༨ ཀློག་གྲངས།