བོད་ཀྱི་འཐབ་ཕྱོཌ་གཅིག་གྱུར་ལ་ཉེན་ཁ་སླེབས་ཡོད་པས་གཟབ་དགོས།

གླེང་ཕྱོགས་འདི་ནི་ད་ལྟའི་བོད་ཀྱི་གཅིག་གྱུར་གྱི་སྟོབས་ཤུགས་དང་གཅིག་གྱུར་གྱི་དམིགས་ཡུལ་ལ་ཕན་ལས་གནོད་ཆེ་བའི་རང་བཞིན་ལས་མ་འདས།  ཡིན་ནའང་བསམ་ཚུལ་འདི་དག་སྤེལ་མཁན་གྱི་ཆབ་སྲིད་པ་ཚོར་གནས་ལུགས་བརྗོད་ཡུལ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་བཞིན་འདིའི་ནང་རྒྱ་ནག་གི་ཧུར་བརྩོན་ཅན་ཚོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།  ཡིན་ནའང་བསམ་ཚུལ་འདི་བོད་ཀྱི་གཅིག་གྱུར་གྱི་སྟོབས་ཤུགས་དང་གཅིག་གྱུར་གྱི་དམིགས་ཡུལ་ལ་ཉེན་ཁ་ཆེན་པོ་ཡིན་པ་མང་ཚོགས་ལ་ར་སྤྲོད་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  གང་ཡིན་ཟེར་ན། བོད་ཀྱི་གཞི་རིམ་མང་ཚོགས་ནི་བོད་ཀྱི་བདག་པོ་རེད་ལ།  གཅིག་གྱུར་གྱི་བོད་ཡུལ་རྩོད་ལེན་བྱེད་མཁན་གྱི་སྒྲིག་འཛུགས་ལྡན་པའི་སྟོབས་ཤུགས་འདིའི་སྲོག་རྩ་ཡིན།   

ད་ལྟའི་བོད་ཤི་གསོན་གཉིས་ཀྱི་ཐ་ཚིག་ནས་གླེང་བ།

ཕྱི་ལོ་༡༩༥༩ ལོར་༸གོང་ས་མཆོག་དང།  གཞུང་ཞབས་ཧྲག་བསྡུས།  བོད་མི་འབུམ་གཅིག་ཙམ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་བ་ཡིན་ལ། དེ་ནས་བཟུང་རྒྱ་ནག་གིས་བཙན་གནོན་འོག་བོད་འདི་གཞིས་བྱེས་གཉིས་སུ་གྱར་ནས་ད་ལྟ་མི་ལོ་ལྔ་བཅུ་ང་གཅིག་ཟིན་ལ་ཉེ།  ཐོག་མར་བཙན་བྱོལ་དུ་འབྱོར་བའི་དུས་སྐབས་དེར་བཙན་བྱོལ་བོད་མི་ཚོ་འཁོས་འབྱོར་ཞན་པ་དང་།  ས་ཆུ་མི་འཕྲོད་པའི་གནས་སྟངས་ཐབས་སྡུག་ཇི་རྙེད་ཅིག་ཡོད་པས་བཙན་བྱོལ་བོད་མིའི་འགྲོ་འདུག་གི་རང་མགོ་ཐོན་ཐབས་མ་གནང་བར།  བཙན་བྱོལ་བོད་མིས་གཞིས་ལུས་མི་མང་གི་སྐུ་ཚབ་བྱེད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བླངས་པའི་ཐོག་ནས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་གོང་བུ་གཅིག་ཏུ་སྒྲིལ་བའི་བཙན་བྱོལ་བོད་གཞུང་གི་ལས་དོན་དབུ་འཛུགས་བསྐྱངས་པ་འདི་བཙན་བྱོལ་བོད་གཞུང་མང་གི་ངོས་ནས་བཤད་ན་མ་འོངས་བོད་ཀྱི་ལས་དབང་ལ་བཞག་པའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེ་ཤོས་རེད།  དེ་ཡང་བཙན་བྱོལ་ནང་གཅིག་གྱུར་གྱི་བོད་ཡུལ་ཞིག་རྩོད་ལེན་གནང་རྒྱུའི་དམིགས་ཡུལ་འདི་ལེགས་གྲུབ་ཡོང་ཆེད་མི་འབོར་མང་ཉུང་དང་དབང་ཤུགས་ཆེ་ཆུང་ལ་མ་ལྟོས་པར་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པར་མང་གཙོའི་ལམ་ལུགས་ཀྱི་ནང་འདྲ་མཉམ་གཅིག་གྱུར་གྱི་གནས་བབ་བཟོས་པ་དང་།  བར་སྐབས་བོད་ཀྱི་སྲིད་སྐྱོང་བཀའ་བློན་ཁྲི་པ་ཆོལ་གསུམ་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་མི་མང་ནས་ཐད་ཀར་འོས་འདེམས་བྱེད་སྲོལ་གཏོད་པ་འདིས་འཐོར་བ་གཅིག་སྡུད་ཀྱི་གོམས་སྟབས་སྔར་བས་འཐུས་ཚང་དུ་བཏང་ཡོད།  གང་ལྟར་ཡང་གཅིག་གྱུར་གྱི་དམིགས་ཡུལ་འདི་བྱུང་བའི་ཉིན་དེ་ནས་བཟུང་རྒྱ་ནག་གི་བཙན་གནོན་འོག་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་བཙན་བྱོལ་བོད་གཞུང་མང་གི་ངོས་ནས་བཞག་པའི་གཅིག་གྱུར་གྱི་བོད་ཡུལ་ཞིག་རྩོད་ལེན་བྱེད་པའི་རྩ་དོན་འདི་རྒྱུན་འཁྱོངས་གནང་ཡོད་ཅིང།  ད་ལྟ་འདི་ནི་བོད་ཤི་གསོན་གཉིས་ཀྱི་ཐ་ཚིག་རེད། དེར་བརྟེན་གཅིག་གྱུར་གྱི་བོད་ཡུལ་རྩོད་ལེན་བྱེད་པའི་རྩ་དོན་འདི་མིག་རྒྱང་རིང་པོ་དང་བློ་ཐག་ཆོད་པོས་རྒྱུན་འཁྱོངས་བྱེད་དགོས་པ་ནི་གོང་འོག་ཚང་མའི་དམིགས་ཡུལ་དང་ལས་འགན་ཡིན་ལ།  ཐབས་ལམ་འདི་གཅིག་གྱུར་གྱི་བོད་ཡུལ་རྩོད་ལེན་མ་གྲུབ་པར་འཇོག་དགོས་པ་ནི་བཙན་བྱོལ་བོད་གཞུང་མང་གི་གནས་སྟངས་དང་མ་འོངས་བོད་ཀྱི་ཁེ་དབང་གི་དགོས་མཁོ་ལ་ཐུག་པའི་གལ་ཆེའི་གནད་དོན་ཞིག་ཡིན་པ་རེད།

ད་ལྟའི་བོད་ཀྱི་སྟོབས་ཤུགས་ནས་གླེང་བ།

ད་ལྟ་བོད་གཞིས་བྱེས་གཉིས་སུ་ཁ་བྲལ་ནས་ཡོད་ཀྱང་བོད་ཀྱི་གཅིག་གྱུར་གྱི་སྟོབས་ཤུགས་འདི་བརླག་མེད་པར་གསོན་གནས་བྱུང་ཡོད།  དེ་བས་ང་ཚོའི་ཡབ་མེས་གོང་མ་ཚོས་དཀའ་སྤྱད་འབད་འབུངས་འོག་གྲུབ་པའི་བོད་ཀྱི་ལོ་རྒྱུས་ནི་ད་ལྟའི་བོད་ཀྱི་གཅིག་གྱུར་གྱི་སྟོབས་ཤུགས་འདིའི་འབྱུང་ཁུངས་ཡིན་པ་ཤེས་རྟོགས་ངེས་པར་བྱེད་དགོས། དེ་ཡང་འདས་པའི་མི་ལོ་གཅིག་སྟོང་སུམ་བརྒྱ་ལྷག་གི་རིང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་འགྱུར་ལྡོག་ཆེ་ཤོས་གང་བྱུང་བ་དང།  འགྱུར་ལྡོག་དེ་དག་གིས་བོད་དང་བོད་ཀྱི་མི་མང་ལ་ཤུགས་རྐྱེན་གང་བཞག་འདུག  ངའི་ཡིད་ཆེས་ནི་བོད་ཀྱི་སྲིད་ཕྱོགས་ཀྱི་སྟོབས་ཤུགས་ལ་ཉམས་དམས་བྱུང་ནས་གཅིག་གྱུར་གྱི་བོད་འཐོར་བ་དང་།  སླར་ཡང་བོད་ཀྱི་རིག་གཞུང་གི་སྟོབས་ཤུགས་རྒྱས་ནས་བོད་འཐོར་བ་གཅིག་ཏུ་སྒྲིལ་བ་དེ་ཡིན།  དེ་ཡང་སྔ་མ་ནི་བོད་འདི་དྲག་པོའི་སྟོབས་ཀྱིས་དབང་དུ་བསྡུས་ནས་གཅིག་ཏུ་སྒྲིལ་བའི་བོད་ཡིན་ལ།  ཕྱི་མ་ནི་ཞི་བའི་ཐབས་ཀྱིས་དམངས་སེམས་གཅིག་ཏུ་ཕྱོགས་པའི་བོད་ཡིན། དེ་ལྟར་ཡབ་མེས་གོང་མས་བཞག་པའི་ལོ་རྒྱུས་ལས་བསླབ་བྱ་གང་ལེན་དགོས་མིན་ནི་མ་འོངས་བོད་ཀྱི་ལས་དབང་ཐག་གཅོད་བྱེད་པར་མེད་དུ་མི་རུང་བ་ཡིན་ལ།  ཕྱི་ལོ་༡༩༥༩ ལོར་༸གོང་ས་མཆོག་གིས་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གིས་ལོ་རྒྱུས་ཀྱི་བསླབ་བྱ་བཙན་བྱོལ་བའི་དུས་དང་འཚམས་པ་ཞིག་བླངས་ཡོད་པ་སྟེ་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་གོང་བུ་གཅིག་ཏུ་སྒྲིལ་བའི་བཙན་བྱོལ་བོད་གཞུང་གི་ལས་དོན་དབུ་འཛུགས་བསྐྱངས་པ་དེ་རེད། དེ་ཡང་ཕྱོགས་གཅིག་ནས་བར་སྐབས་ཉམས་དམས་སུ་ཕྱིན་པའི་བོད་ཀྱི་སྲིད་ཕྱོགས་ཀྱི་གཅིག་གྱུར་སྟོབས་ཤུགས་དེ་དུས་དང་མཐུན་པ་ཞིག་སླར་གསོ་བྱེད་པ་དང་།  ཕྱོགས་གཞན་ཞིག་ནས་ད་ཡོད་བོད་ཀྱི་རིག་གཞུང་ལ་བརྟེན་པའི་གཅིག་གྱུར་བོད་ཀྱི་སྟོབས་ཤུགས་མུ་མཐུད་གོང་འཕེལ་དུ་གཏོང་བ་དེ་རེད།  དེ་ཡང་བོད་ཀྱི་ལོ་རྒྱུས་ཀྱིས་སྟོབས་ཤུགས་འདི་གཉིས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ན་ད་གཟོད་བོད་དེ་གཅིག་གྱུར་གྱི་བོད་ཅིག་ཡོང་རྒྱུ་ཡིན་པ་དང་།  འདི་ནི་བླ་ན་མེད་པའི་བོད་ཀྱི་སྟོབས་ཤུགས་ཡིན་པ་བོད་ཀྱི་ལོ་རྒྱུས་ཀྱི་ཤུལ་བཞག་བསླབ་བྱ་ཡིན་ལ།  ད་ལྟ་བཙན་བྱོལ་བོད་གཞུང་གིས་གཅིག་གྱུར་གྱི་བོད་ཡུལ་རྩོད་ལེན་བྱེད་པ་དང་འཛིན་སྐྱོང་བྱེད་དོན་ཡང་དེ་ཡིན། དེ་བས་རླབས་ཆེ་བའི་གོམ་སྟབས་འདི་ནི་ད་ལྟའི་བོད་ཀྱི་སྟོབས་ཤུགས་ཡིན་ལ།  མ་འོངས་བོད་ཀྱི་དམིགས་ཡུལ་ཡང་ཡིན་པས་ཁ་བྲལ་མི་རུང་བའི་སྟོབས་ཤུགས་འདི་ངོས་ཟིན་དགོས།  

རྒྱ་ནག་གི་བོད་ཀྱི་དཀའ་ངལ་སེལ་ཐབས་ནས་གླེང་བ།

ང་ཚོས་འདས་པའི་མི་ལོ་དྲུག་བཅུ་ལ་ཉེ་བའི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱེད་སྐབས།  དབང་མེད་དུ་སྐྱོ་སྣང་དང་འདྲེས་པའི་ཁོང་ཁྲོ་དང་འཁོན་སེམས་ཅིག་ཅར་དུ་སྐྱེ་བའི་གནད་དོན་ཞིག་ཡོད་པ་ནི་རྒྱ་ནག་གིས་བོད་ལ་གནང་བའི་ལེགས་སྐྱེས་ཡིན་ལ། ལེགས་སྐྱེས་འདིས་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་སྐུལ་འདེད་ཆེན་པོ་བྱུང་ཡོད། དེ་ཡང་རྒྱ་ནག་གིས་བོད་ཀྱི་རིག་གཞུང་གི་གདན་གྲལ་ཧམ་འཕྲོག་དང་བོད་ཀྱི་རིག་གཞུང་གི་ངོ་བོ་རྩ་བརླག་ཏུ་གཏོང་བ་སྟེ་བོད་དུ་རྒྱ་ནག་གི་རིག་གཞུང་གིས་བོད་ཀྱི་རིག་གཞུང་གི་ཚབ་བྱེད་ཐབས་སྤྱོད་པ་དང་།  བོད་ལ་བོད་ཀྱི་རིག་གཞུང་བདག་ཉར་དང་གོང་འཕེལ་དུ་གཏོང་བར་སྟངས་འཛིན་གྱིས་བོད་ཀྱི་རིག་གཞུང་གི་གསོན་ཤུགས་འཆི་ལམ་དུ་གཏོང་གི་ཡོད།  འདི་ནི་བོད་ཀྱི་རིག་གཞུང་གིས་བོད་ཀྱི་དམངས་སེམས་གཅིག་ཏུ་སྒྲིལ་བ་དེ་གཏོར་བརླག་གིས་བོད་མི་རྒྱ་མིའི་ནང་སིམ་ཐབས་བྱེད་པ་བརྒྱུད་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལས་འཆར་གདུག་རྩུབ་ཅན་ཞིག་ཡིན།  དེ་བཞིན་བར་སྐབས་ཉམས་དམས་སུ་གྱུར་པའི་བོད་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་ཁ་འཐོར་བ་བེད་སྤྱད་ནས་བོད་ཡོངས་དུམ་བུ་མང་པོར་བགོས་ནས་དབང་བསྒྱུར་བྱས་ཏེ་བོད་ལ་གཅིག་གྱུར་གྱི་ལོ་རྒྱུས་མེད་པས་ལོ་རྒྱུས་དང་མི་མཐུན་པའི་བོད་རྩོད་ལེན་བྱེད་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད། མདོར་བསྡུས་ན་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཀྱི་སྐྱོན་གནད་ལ་བལྟས་ནས་བོད་ཀྱི་སྲིད་དང་རིག་གཞུང་གཉིས་ཀའི་སྟོབས་ཤུགས་ཉམས་དམས་སུ་གཏོང་ཐབས་བྱེད་བཞིན་ཡོད་ལ།  དམིགས་ཡུལ་འདི་ལེགས་གྲུབ་བྱུང་ན་ད་གཟོད་བོད་ཀྱི་དཀའ་ངལ་སེལ་བར་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་ད་བར་རྒྱ་ནག་གིས་བོད་དུ་རྒྱ་མི་འབོར་ཆེན་གཏོང་བ་དང་། རིག་གཞུང་བཙན་འཛུལ་བྱེད་པ། བོད་ནང་ཁུལ་གཡོ་དཀྲུགས་བྱེད་པ། དཔལ་འབྱོར་བསླུ་བྲིད་བྱེད་པ་སོགས་ཐབས་ཤེས་ཟམ་མ་ཆད་པར་སྤྱད་དང་སྤྱོད་བཞིན་ཡོད། རྒྱ་ནག་གི་བྱེད་ཐབས་འདི་དག་གི་ཁ་གཏད་དུ་ཇི་ལྟར་ལངས་རྒྱུ་ནི་བོད་ཀྱི་དྲི་བ་ཡིན་ལ། དྲི་བ་འདིའི་ལན་ནི་གཅིག་རང་ཡིན་པ་སྟེ།  ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་གོང་བུ་གཅིག་ཏུ་སྒྲིལ་བའི་བཙན་བྱོལ་བོད་གཞུང་གི་ལས་དོན་དབུ་འཛུགས་བསྐྱངས་ཏེ་གཅིག་གྱུར་གྱི་བོད་ཡུལ་ཞིག་རྩོད་ལེན་བྱེད་བཞིན་པ་རྩ་དོན་དུ་དམ་འཛིན་གྱིས་འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན།  
མཇུག་བསྡུ་བའི་གཏམ།
དེ་ལྟར་གཅིག་གྱུར་གྱི་བོད་ཡུལ་རྩོད་ལེན་ཇི་ལྟར་འགོ་བཙུགས་པ་དང་།  རྩོད་ལེན་འདིའི་རྒྱབ་བརྟེན་གང་ཡིན་པ་དང་། ད་ལྟ་བོད་ཀྱི་གཅིག་གྱུར་དེའི་རིན་ཐང་རྒྱ་ནག་གི་མིག་མདུན་དུ་ཇི་ཙམ་ཡིན་མིན་ཚིག་ཉུང་ཉུང་ཞིག་གི་ནང་དུ་མངོན་ཐབས་བྱས་པའི་བསམ་ཚུལ་འདི་བཤད་ཟིན་པ་ཡིན་ལ།  བཙན་བྱོལ་རང་དབང་ཁོར་ཡུག་ནང་གི་ལྟ་ཚུལ་མི་འདྲ་བའི་བསམ་ཚུལ་འདི་དག་ལ་བོད་མི་མང་གི་ངོས་ནས་འཕྲལ་གྱི་འདོད་ཞེན་ཙམ་དུ་མ་ལྷུང་བའི་ཐོག་ནས་བསམ་ཞིབ་བྱ་རྒྱུ་ནི་མང་གཙོའི་སྤྱི་ཚོགས་ཀྱི་སྤྱི་འབངས་ཤིག་གི་འདོར་དུ་མེད་པའི་ལས་འགན་ཡིན་པ་དྲན་གསོ་ཞུ་བ་དང། མཇུག་མཐར་ཆོལ་ཁའི་སྤྱི་འཐུས་མི་དགོས་པར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་དགོས་སྐོར་དང་།  ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པའི་གནད་དོན་གླེང་མཁན་ཚོར་ཞུ་རྒྱུ་ལ།  རྣམ་པ་ཚོའི་དགོངས་ཚུལ་འདི་དག་ལག་བསྟར་བྱས་ན་ད་ཡོད་བོད་ཀྱི་གཅིག་གྱུར་གྱི་སྟོབས་ཤུགས་སྲ་བརྟན་དང་གོང་འཕེལ་དུ་འགྲོ་བར་གདེང་ཚོད་ཡོད་དགོས་པ་རེད།  དེ་བཞིན་རྣམ་པ་ཚོའི་དགོངས་ཚུལ་ལྟར་འོས་བསྡུ་བྱས་ན་འོས་འདེམས་བྱས་པའི་སྤྱི་འཐུས་དེ་དག་གིས་གཞིས་ལུས་མི་མང་གི་སྐུ་ཚབ་མཚོན་ཐུབ་པའི་གདེང་ཚོད་ཡོད་དགོས་པ་རེད།  སྡུག་ས་ནས་ཞུས་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་འོག་བོད་ཀྱི་གཅིག་གྱུར་གྱི་སྟོབས་ཤུགས་ཤིག་ཆོས་སྲིད་གཉིས་ཀྱི་ཐོག་ནས་བཟོས་གནང་བ་དེ་༸གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་ཁ་འཐོར་དུ་མི་འགྲོ་བའི་གདེང་ཚོད་ཡོད་དགོས་པ་རེད། རྒྱ་ནག་གིས་ད་བར་བོད་ཀྱི་གཅིག་གྱུར་ལ་གཏོར་བརླག་གཏོང་ཐབས་བྱས་ཡོད་ལ་མུ་མཐུད་བྱེད་ངེས་པའི་ཁ་གཏད་ཆོག་དགོས་པ་རེད།  དེ་བཞིན་གཅིག་གྱུར་གྱི་བོད་ཞིག་འཛུགས་བསྐྲུན་བྱེད་རྒྱུའི་ཆེད་དུ་གོམ་སྟབས་གསར་པ་སྤོ་དགོས་པར་མོས་མཐུན་ཡོད་ཀྱང་བཙན་བྱོལ་དུ་གནས་རིང་མ་འོངས་བོད་ཀྱི་ཆེད་དུ་རྨང་གཞི་འདི་དག་ལ་ལག་པ་འཆང་མི་རུང་ལ།  ལག་པ་འཆང་ན་དེ་ནི་ད་ཡོད་བོད་ཀྱི་ཉེན་ཁ་ཡིན་པ་ངོས་མ་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད། །

Share this:
༧༧ ཀློག་གྲངས།